3623

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམ་པའི་ཆོས་ནི་ཐོག་མར་དགེ་བ་བར་དུ་དགེ་བ་ཞེས་སོགས་ཀྱི་དོན
Tibetan Definition མདོ་ལས་དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཞེས་གསུངས་པའི་དོན་ནི། སྡེ་སྣོད་གསུམ་པོ་དེ་ནི་ཐོག་མར་ཐོས་པས་བག་ཆགས་བཞག་པ་དང༌། བར་དུ་བསམས་པས་དོན་རྟོགས་པ་དང༌། ཐ་མ་བསྒོམས་པས་ཉོན་མོངས་མངོན་གྱུར་བ་ཞི་བ་དང་ཆོས་ཉིད་རབ་ཏུ་རྟོགས་པས་འཁོར་བ་ལས་རྣམ་པར་གྲོལ་བར་བྱེད་གསུངས། དམ་ཆོས་ཐོག་ཐ་བར་གསུམ་དུ་དགེ་བར་གསུངས་པ་ཡང་བཤད་མ་ཐག་པའི་ཐོས་བསམ་སྒོམ་གསུམ་དང་སྦྱར་བ་ཡོད་ལ། གཙོ་ཆེར་བསླབ་པ་གསུམ་དང་སྦྱར་ནས་བཤད་དོ། །ཞེས་གྲུབ་མཐའ་ཆེན་མོའི་མཆན་འགྲེལ་དུ་བཤད་དོ། །སློབ་དཔོན་ཐོགས་མེད་ཀྱིས་ནི། ཐོག་མར་དགེ་བ་ཉན་པ་པོ་རྣམས་རབ་ཏུ་དགའ་བ་བསྐྱེད་པའོ། །བར་དུ་དགེ་བ་ནི་རབ་ཏུ་སྦྱོར་བ་རྣམས་ཚེགས་ཆུང་ངུས་མཐའ་གཉིས་རྣམ་པར་སྤངས་པ་དབུ་མའི་ལམ་ལ་ཡང་དག་པར་བརྟེན་པའོ། །ཐ་མར་དགེ་བ་ནི་ཤིན་ཏུ་དྲི་མ་མེད་པ་དང༌། ཤིན་ཏུ་མཐར་ཕྱིན་པའི་ཕྱིར་དང༌། ཐམས་ཅད་ལ་འདོད་ཆགས་དང་བྲལ་བ་དང༌། ཤིན་ཏུ་འདོད་ཆགས་བྲལ་བའི་མཐར་གྱུར་པའི་ཕྱིར་རོ། །དོན་བཟང་པོ་ནི་ཕན་པ་དང་བདེ་བ་དང་ལྡན་པའི་ཕྱིར་རོ། །ཚིག་འབྲུ་བཟང་པོ་ནི་མིང་གི་ཚོགས་ལ་སོགས་པར་ལེགས་པར་སྦྱར་བ་དང༌། ཚིག་ཏུ་འདོན་པ་ཟུར་ཕྱིན་པ་དང་ལྡན་པའོ། །མ་འདྲེས་པ་ནི་འདི་ལས་ཕྱི་རོལ་པ་རྣམས་དང་ཐུན་མོང་མ་ཡིན་པའོ། །ཡོངས་སུ་རྫོགས་པ་ནི་ཚད་མེད་པའི་ཕྱིར་ཐམས་ཅད་ཀྱི་མཆོག་ཏུ་བྱུང་བའོ། །ཡོངས་སུ་དག་པ་ནི་རང་བཞིན་རྣམ་པར་གྲོལ་བའོ། །ཡོངས་སུ་བྱང་བ་ནི་རྒྱུད་རྣམ་པར་གྲོལ་བའོ། །ཞེས་སོ་ཞེས་ཤེས་བྱ་མཛོད་འགྲེལ་སྟོད་ཆ་༣༤༡ན་གསལ་བ་ལྟར་རོ། །དངུལ་ཆུ་དྷརྨ་བྷ་དྲའི་དཀོན་མཆོག་རྗེས་དྲན་གྱི་མདོའི་འགྲེལ་པར། དེའི་དོན་ནི། གླེང་གཞི་ཐོག་མར་དགེ་བ། མདོ་དངོས་བར་དུ་དགེ་བ། མཐུན་འགྱུར་ཡི་རང་ཐ་མར་དགེ་བ། བདེན་གཉིས་བརྗོད་བྱར་སྟོན་པས་དོན་བཟང་པོ། གོ་བདེ་ཞིང་གཟུང་སླ་ལ་བརྗོད་བདེ་ཞིང་སྙན་པས་ཚིག་འབྲུ་བཟང་པོ། ཕྱག་རྒྱ་བཞི་སྟོན་པས་མུ་སྟེགས་ཀྱི་ལུགས་དང་མ་འདྲེས་པ། ཁམས་གསུམ་གའི་ཉོན་མོངས་པ་རྩ་བ་ནས་སྤོང་བའི་གཉེན་པོ་ཡོངས་སུ་རྫོགས་པ། རང་བཞིན་རྣམ་དག་གི་ཆོས་དབྱིངས་བརྗོད་བྱར་སྟོན་པས་ཡོངས་སུ་དག་པ། དུག་གསུམ་གྱི་དྲི་མ་གློ་བུར་བ་སྦྱོང་ཐབས་སྟོན་པས་ཡོངས་སུ་བྱང་བ། མུ་སྟེགས་བྱེད་ཀྱི་བསྟན་པ་ནི་ཕྱིན་ཅི་ལོག་ཏུ་སྟོན་པས་ཉེས་པར་བཤད་པ་ཡིན་ལ། བཅོམ་ལྡན་འདས་ཀྱིས་ཆོས་ཡང་དག་པར་བསྟན་པ་ནི་ལེགས་པར་གསུངས་པའོ། །ཞེས་གསུངས་པ་ལྟར་རོ། །