3803

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུས་འཁོར་ནས་བཤད་པའི་འཇིག་རྟེན་ཆགས་ཚུལ
Tibetan Definition དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས་བཤད་པའི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་ནི། དང་པོ་རླུང་དཀྱིལ། དེ་ནས་མེ་དཀྱིལ། ཆུ་དཀྱིལ། ས་དཀྱིལ་རྣམས་ཟླུམ་པོ་རྣམས་སོ། །དཀྱིལ་འཁོར་སྔ་མ་སྔ་མ་རྒྱ་ཆེ་ཞིང་། ཕྱི་མ་ཕྱི་མ་དཔག་ཚད་སྟོང་ཕྲག་ལྔ་བཅུ་རེ་ཆུང་བའོ། །ས་དཀྱིལ་དེའི་དབུས་སུ་རིའི་རྒྱལ་པོ་རི་རབ་དབྱིབས་ཟླུམ་པོ་རྡོ་རྗེ་རྩེ་ལྔ་ལྟ་བུ་རྭ་ལྔ་དང་ལྡན་པ། ཁ་དོག་ཤར་ཕྱོགས་ཨིནྡྲ་ནཱི་ལ་སྔོན་པོ། ལྷོ་ཕྱོགས་པདྨ་རཱ་ག་དམར་པོ། ནུབ་ཕྱོགས་ཀརྐེ་ཏ་སེར་པོ། བྱང་ཕྱོགས་ཆུ་ཤེལ་དཀར་པོ། དབུས་མར་གད་ལྗང་ཁུའོ། །མངོན་པ་མཛོད་ནས་རི་རབ་དེ་ཉིད་གསེར་གྱི་རི་བདུན་དང་རོལ་པའི་མཚོ་བདུན་གྱིས་ཁོར་ཡུག་ཏུ་བསྐོར་ནས་ཡོད་པར་བཤད་པ་ལྟར། འདིར་ཡང་དང་པོ་གླིང་བདུན། དེ་ཡི་མཐར་མཚོ་བདུན། དེའི་མཐར་རི་བདུན་གྱིས་ཁོར་ཡུག་ཏུ་སྤེལ་མར་ཟླུམ་པོར་བསྐོར་ནས་ཡོད་པའོ། །གླིང་བདུན་ནི། ཟླ་བའི་གླིང་། འོད་དཀར་གླིང་། རབ་མཆོག་ཀུ་ཤའི་གླིང་། མིའམ་ཅིའི་གླིང་། ཁྲུང་ཁྲུང་གླིང་། དྲག་པོའི་གླིང་། འཛམ་གླིང་ཆེན་པོ་དང་བདུན་ཡིན་ནོ། །མཚོ་བདུན་ནི། སྦྲང་རྩིའི་མཚོ། མར་གྱི་མཚོ། ཞོ་ཡི་མཚོ། འོ་མའི་མཚོ། ཆུ་ཡི་མཚོ། ཆང་གི་མཚོ། བ་ཚྭ་ཅན་གྱི་མཚོ་དང་བདུན་ནོ། །རི་བདུན་ནི། འོད་སྔོན་ཅན། མནྡ་ར། ནིཥྚ། ནོར་བུའི་འོད། རོ་ཎ། བསིལ་རི། རྫས་ཀྱི་རྡོ་རྗེ་ཕ་ལམ་ལས་གྲུབ་པའི་ལྕགས་རི་ནག་པོ་སྟེ་རི་བདུན་ཡིན་ནོ། །མདོར་བསྡུས་ཏེ་བཤད་ན། དཀྱིལ་དུ་རི་རབ། དེའི་མཐར་གླིང་བདུན། དེའི་མཐར་མཚོ་བདུན། དེའི་མཐར་རི་བདུན། དེའི་མཐར་ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན་ཏེ་གླིང་བཞི་དང་། གླིང་གཡོག་གམ་ཕྲན་བརྒྱད་དེ་བཅུ་གཉིས་ཀྱིས་ཁོ་ར་ཁོར་ཡུག་ཏུ་བསྐོར་ནས་ཡོད་དོ། །ལྷོ་འཛམ་བུ་གླིང་འདི་ཉིད་ཀྱང་ཆ་དྲུག་ཏུ་ཕྱེ་བ་ལ། གངས་ལྡན། ཤམྦྷ་ལ། རྒྱ་ནག ལི། བོད། འཕགས་ཡུལ་རྣམས་སོ། །རླུང་དཀྱིལ་ནས་ས་དཀྱིལ་ཕྱེད་མན་ཆད་དུ་དམྱལ་བ། ས་ཕྱེད་སྟེང་མ་ལ་གོང་འོག་གཉིས་ལས་འོག་མར་ཀླུ། གོང་མ་ལ་ལྷ་མིན། སའི་སྟེང་དུ་མི། ལྷུན་པོའི་རྩེ་མོར་རྒྱལ་ཆེན་རིགས་བཞི། མགྲིན་པའི་སུམ་ཆ་མན་ལ་འདོད་ལྷ་གཞན་རྣམས་གནས། དེ་ནས་གཙུག་ཏོར་གྱི་འོག་གི་བར་ལ་གཟུགས་ཁམས་གནས་རིགས་བཅུ་བདུན་དང་། དེ་ནས་གཙུག་ཏོར་གྱི་རྩེའི་བར་དུ་གཟུགས་མེད་རིགས་བཞི་གནས་སོ། །རི་རབ་ཀྱི་མགྲིན་པ་དང་། རི་རབ་ཀྱི་གདོང་། རི་རབ་ཀྱི་གཙུག་ཏོར་ཟེར་བ་རྣམས་རི་རབ་ཀྱི་སྟེང་གི་བར་སྣང་ལ་བརྩི་བ་ཡིན་ནོ། །ཞེས་ཀློང་རྡོལ་བླ་མ་གསུངས། ལྕང་སྐྱ་རོལ་པའི་རྡོ་རྗེ་དང་ཀློང་རྡོལ་བླ་མའི་གསུང་ལ་གཞི་བྱས་ཏེ་བཀོད། འདི་སྐོར་དོགས་གཅོད་ཅུང་ཟད་ཅིག་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཡའ་སེལ་༣༣བ༣ན་གསལ་ལོ། །