3821

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེ་ཉིད་བཅུ་ཟུང
Tibetan Definition སྔགས་བླ་མེད་ནས་བཤད་པའི་རྡོ་རྗེ་སློབ་དཔོན་གྱི་ཡོན་ཏན་ཞིག་སྟེ། ཤེས་བྱའི་གནས་ཉི་ཤུ་ལ་མཁས་པ་ནི། (འདིའི་དེ་ཉིད་ཅེས་པ་ཤེས་བྱའམ་ཤེས་བྱའི་གནས་ཞེས་པའི་དོན་ཡིན། བཅུ་ཟུང་ནི། བཅུ་ཕྲག་གཉིས་ཏེ་ཉི་ཤུའོ) རྣལ་འབྱོར་བླ་མེད་ཀྱི་རྒྱུད་རྡོ་རྗེ་སྙིང་པོ་རྒྱན་གྱི་ལེའུ་ཐ་མ་ལས། ཕྱིར་ཟློག་གཉིས་ཀྱི་ཆོ་ག་དང་། །གསང་དང་ཤེས་རབ་ཡེ་ཤེས་དང་། །ཁ་སྦྱོར་འབྱེད་པའི་ཆོ་ག་དང་། །གཏོར་མ་རྡོ་རྗེའི་བཟླས་པ་དང་། །དྲག་ཤུལ་སྒྲུབ་པའི་ཆོ་ག་དང་། །རབ་ཏུ་གནས་དང་དཀྱིལ་འཁོར་སྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་། །སྟངས་སྟབས་འདུག་སྟངས་བཟླས་བརྗོད་དང་། །སྦྱིན་སྲེག་མཆོད་པ་ལས་སྦྱོར་དང་། །སླར་སྡུད་པ་ཡི་རྣམ་པ་ནི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་གསུངས་པ་ལྟར། (དང་པོ་ནང་གི་དེ་ཉིད་བཅུ་ནི) (ཕྱིར་ཟློག་གཉིས་ཀྱི་ཆོ་ག་དང་། །ཕྱིར་ཟློག་པ་གཉིས་ནི་ཕ་རོལ་གྱི་མཐུ་གཏད་སོགས་ཁྲོ་བོ་བཅུ་ལྟ་བུ་ལ་བསྒོམས་ནས་ཕྱིར་ཟློག་པ་དང་། བྲིས་པའི་སྲུང་འཁོར་འདོགས་པ་སོགས་བྱས་པས་ཕྱིར་ཟློག་པ་ལ་མཁས་པ) གསང་དང་ཤེས་རབ་ཡེ་ཤེས་ (གསང་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་སོགས་དབང་བཞི་བསྐུར་བ་ལ་མཁས་པ) དང་། ཁ་སྦྱོར་འབྱེད་པའི་ཆོ་ག་ (མངོན་སྤྱོད་ཀྱི་ལིངྒ་དགྲ་བོའི་རྣམ་ཤེས་དགུག་པ་ཁ་སྦྱོར་དང་། འདས་མ་འདས་ཀྱི་ལྷ་དང་སྲུང་འཁོར་སོགས་ཀྱི་ནུས་པ་རྫས་སྔགས་ཏིང་འཛིན་གསུམ་གྱིས་ཉམས་པར་བྱེད་པ་ནི་དབྱེ་བ་སྟེ་དེ་ལ་མཁས་པའོ) དང་། གཏོར་མ་ (གཏོར་མའི་རྒྱུ་དང་། དབྱིབས་དང་། འབུལ་ཚུལ་སོགས་ལ་མཁས་པའོ) རྡོ་རྗེ་བཟླས་པ་ (བསྐྱེད་རིམ་གྱི་ཚེ་ལྕེ་དང་མཆུ་མི་འགུལ་བར་སྔགས་བཟླ་བ་དང་། རྫོགས་རིམ་གྱི་ཚེ་རླུང་ངག་དབྱེར་མེད་ཀྱི་འཇུག་གནས་ལྡང་གསུམ་སོགས་ལ་མཁས་པའོ) དང་། དྲག་ཤུལ་སྒྲུབ་པའི་ཆོ་ག་ (དབང་ཐོབ་ཅིང་དམ་ཚིག་དང་སྡོམ་པ་དང་ལྡན་པས་སྒྲུབ་ཐབས་ནས་འབྱུང་བ་བཞིན་ཟླ་བ་བཅོ་བརྒྱད་ལ་སོགས་པར་བསྒྲུབས་ཀྱང་མ་གྲུབ་ན་ལྷ་ལ་དྲག་པོའི་སྦྱོར་བས་ཕུར་བུས་འདེབས་པ་ལ་མཁས་པ) དང་། རབ་ཏུ་གནས་ (དཀྱིལ་འཁོར་བཞེངས་ནས་ལྷ་བཅུག་སྟེ་དབང་བསྐུར་བ་སོགས་ལ་མཁས་པའོ) དང་དཀྱིལ་འཁོར་ (མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསྒྲུབས་པ་དང་། དེ་ལ་མཆོད་ཅིང་བསྟོད་པ་དང་དེར་ཞུགས་ནས་དབང་ལེན་པ་ལ་མཁས་པའོ) སྒྲུབ། །གསང་བའི་ (ནང་གི) དེ་ཉིད་བཅུ་ཡིན་ནོ། ། (ཕྱིའི་དེ་ཉིད་བཅུ་ནི) དཀྱིལ་འཁོར་ (གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་དཀྱིལ་འཁོར་རོ། །གཟུགས་ཅན་མ་ཡིན་པའི་དཀྱིལ་འཁོར་ནི་ཟབ་གསལ་གཉིས་སུ་མེད་པའི་རྣལ་འབྱོར་རོ། །གཟུགས་ཅན་གྱི་དཀྱིལ་འཁོར་ནི་དེ་ཉིད་གྲུ་བཞི་སྒོ་བཞི་སོགས་སུ་ཤར་ནས་བསྒོམ་པ་ལ་མཁས་པའོ) ཏིང་འཛིན་ (ལྷའི་རྣལ་འབྱོར་ཏེ་དང་པོ་སྦྱོར་བ་སོགས་ལྷ་བསྒོམ་པ་ལ་མཁས་པའོ) ཕྱག་རྒྱ་ (ཕྱག་རྒྱ་བཞིའི་རྒྱས་འདེབས་པ་ལ་མཁས་པའོ) དང་། །སྟངས་སྟབས་ (ས་གར་དང་མཆོད་གར་སོགས་ཀྱི་གར་སྟབས་ལ་མཁས་པའོ) འདུག་སྟངས་ (རྡོ་རྗེ་སྐྱིལ་ཀྲུང་། སེམས་དཔའི་སྐྱིལ་ཀྲུང་། པདྨའི་སྐྱིལ་ཀྲུང་། བཟང་པོའི་འདུག་སྟངས་སོགས་ལ་མཁས་པའོ) བཟླས་བརྗོད་ (ཁྲོ་བོ་དང་། ཁྲོས་པ་དང་། གོང་བུ་དང་། ཁྱོགས་ཀྱི་དང་། དམ་ཚིག་གི་བཟླས་པ་སོགས་འབུལ་བ་ལ་མཁས་པའོ) དང་། །སྦྱིན་སྲེག་ (ཞི་རྒྱས་དབང་དྲག་བཞི་དང་ཕྱི་ནང་གི་སྦྱིན་སྲེག་ལ་མཁས་པའོ) མཆོད་པ་ (ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་སོགས་ལ་མཁས་པའོ) ལས་སྦྱོར་ (ཞི་རྒྱས་སོགས་ཀྱི་ལས་རབ་འབྱམས་སྒྲུབ་པ་ལ་མཁས་པའོ) དང་། །སླར་སྡུད་པ་ཡི་རྣམ་པ་ནི། ། (མཆོད་བསྟོད་སོགས་སྔོན་དུ་འགྲོ་བས་གཤེགས་སུ་གསོལ་བ་སྟེ། བསྡུ་ཆོག་ལ་མཁས་པ་སྟེ) ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །རྗེ་ཙོང་ཁ་པ་ཆེན་པོ་དང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། དངུལ་ཆུ་དྷརྨ་བྷ་དྲ་བཅས་ཀྱི་གསུང་ལ་གཞིར་བྱས་ཏེ་བཀོད།