From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| དེ་བཞིན་གཤེགས་པ
|
| Tibetan Definition
|
<ཏ་ཐཱ་ག་ཏ> 1 (དགེ་ལུགས) སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ཤིག སྒྲ་བཤད་ནི། ཐུབ་པ་རྣམས་ཇི་ལྟར་བྱོན་པ་དེ་བཞིན་དུ་ཞི་བར་གཤེགས་པས་ན་དེ་བཞིན་གཤེགས་པ་སྟེ་དེའི་ཕྱིར་དེ་བཞིན་གཤེགས་པའོ། །ཡང་ན་ཡང་དང་ཡང་དུ་སྲིད་པར་བྱོན་པ་དེ་ལྟར་རབ་ཏུ་ཞི་བར་གཤེགས་པས་ན། དེ་བཞིན་གཤེགས་པའོ། །ཞེས་མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོ་བ་མོ་༢༥༥བ༦ལས་གསུངས་པ་ལྟར་རོ། །ཡང་ན། དེ་བཞིན་ཉིད་མཁྱེན་པ་ཞེས་བྱ་བའི་དོན་སྟེ། གནས་ལུགས་དེ་ཁོ་ན་ཉིད་ནི་མི་བསླུ་བའི་ཕྱིར་དེ་བཞིན་ཉིད་ཅེས་བྱ་ལ། དེ་ཐུགས་སུ་ཆུད་པའི་ཕྱིར་གཤེགས་པ་ཞེས་བྱའོ། །འདིའི་གཤེགས་པ་ཞེས་པ་ཡུལ་རྟོགས་པ་ལ་འཇུག་ཚུལ་ནི། ཡུལ་དེ༵་བཞི༵ན་ཉིད་ལ་བློ་གཤེ༵གས་པ༵འམ་སོང་བ་སྟེ་མཁྱེན་པས་ན་དེ་བཞིན་ཉིད་ཅེས་བྱའོ། །རྒྱ་གར་གྱི་སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་དང༌། སློབ་དཔོན་ལེགས་ལྡན་འབྱེད་སོགས་ཀྱི་གསུང་ལ་གཞི་བྱས་ཏེ་བཀོད། རྡོ་རྗེ་གཅོད་པའི་འགྲེལ་པ་ཐར་པར་བགྲོད་པའི་ལམ་བཟང་དོན་གསལ་བའི་ཉི་མ་ཞེས་བྱ་བ་ལས་ཀྱང༌། དེ་བཞིན་གཤེགས་པ་ཞེས་པའི་དོན་ནི། སྒྲིབ་གཉིས་སྤངས་པའི་དེ་བཞིན་ཉིད་མངོན་དུ་བྱས་ཤིང་ཁོང་དུ་ཆུད་པ་སྟེ། ཐུགས་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་གཤེགས་པའམ་མཁྱེན་པའི་དོན་ནོ། །ཞེས་གསུངས་པ་ལྟར་རོ། །ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་ཀྱང་། དེ་བཞིན་གཤེགས་པའི་བཤད་པ་ནི། །དེ་ཉིད་རྟོགས་པར་འཆད་པ་དང་། །དགྲ་བཅོམ་སྒྲ་དོན་མཆོད་འོས་དང་། །རྒྱལ་པོའི་བཤད་པ་གསལ་བ་དང་། །བཟོད་པའི་བཤད་པ་མི་འབྱེད་དང་། །ཕུང་པོ་ཕྲག་པར་འཆད་པ་དང་། །ཁམས་ལ་དབྱིངས་སུ་འཆད་པ་དང་། །བཅོམ་པ་སྐལ་བར་འཆད་པ་དང་། །སྦྱང་དཀའ་ཐུབ་དཀར་འཆད་པ་དང་། །བག་ཆགས་གནས་སུ་འཆད་པ་དང་། །ཤཱཀྱ་ཕོད་པར་བཤད་པ་སོགས། །བོད་ལ་ཅུང་ཟད་མི་བདེ་ཡང་། །ལེགས་པར་སྦྱར་བའི་སྒྲ་དག་ལ། །ཤིན་ཏུ་འཐད་ཕྱིར་མཁས་པས་བླང་། །ཞེས་གསུངས་སོ། །བདེ་བར་གཤེགས་པ་ཞེས་པའི་ཐད་དུ་གཟིགས་ན་གཤེགས་པའི་གོ་དོན་གཞན་ཡང་བཤད་ཡོད། 2 (བཀའ་བརྒྱུད) ཆོས་སྐུ་དེ་བཞིན་དུ་གཤེགས་ཤིང༌། གཟུགས་སྐུ་དེ་བཞིན་ཉིད་ལས་སླར་ཡང་གཤེགས་པས་དེ་བཞིན་གཤེགས་པའོ། །
|