From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| དེ་མ་ཐག་རྐྱེན
|
| Tibetan Definition
|
(རྣམ་འགྲེལ) རང་གི་ངོ་བོ་མྱོང་བ་གསལ་རིག་གི་ཆར་སྐྱེད་བྱེད་ལ། དེ་མ་ཐག་རྐྱེན་ཟེར། ཞིབ་པར་རྐྱེན་གསུམ་ཞེས་པའི་ཐད་དུ་གཟིགས། མཁས་གྲུབ་ཆོས་རྗེའི་སྡེ་བདུན་ཡིད་ཀྱི་མུན་སེལ་ལས། དེ་མ་ཐག་པའི་རྐྱེན་ནི། ཤེས་པ་གཞན་གྱིས་བར་མ་ཆོད་པའི་རང་གི་སྔ་ལོགས་ཀྱི་ཤེས་པ་གང་། རང་ཉིད་མྱོང་བའི་ངོ་བོར་སྐྱེད་བྱེད་གང་ཡིན་པའོ། །ཞེས་གསུངས་པ་ལྟར་རོ། །དབང་ཤེས་ཀྱི་དེ་མ་ཐག་རྐྱེན་དང་པོ་ཡིན་ན་ཡིད་ཀྱི་ཤེས་པ་ཡིན་པས་ཁྱབ་ཅེས་སྨྲ་དགོས་པར་སེམས་སོ། །སྐད་ཅིག་གཉིས་པ་ནས་ངེས་པ་མེད་དེ། མིག་ཤེས་སྐད་ཅིག་དང་པོ་མིག་ཤེས་སྐད་ཅིག་གཉིས་པའི་དེ་མ་ཐག་རྐྱེན་དུ་ཁས་བླང་དགོས་པས་སོ། །རྗེའི་སྔགས་རིམ་ཆེན་མོ་ལས། གོམས་པ་ཆེ་བས་ལྷའི་རྣལ་འབྱོར་ལ་མཉམ་པར་བཞག་པ་ན་མིག་གི་ཤེས་པ་ལ་སོགས་པའི་སྣང་བ་གཞན་མི་འཆར་བ་ནི། ཡིད་ཀྱི་ཤེས་པ་དོན་དེ་ལ་རྗེས་སུ་ཞུགས་དྲགས་པས་མིག་ལ་སོགས་པའི་ཤེས་པ་སྐྱེ་བའི་དེ་མ་ཐག་རྐྱེན་གྱི་ནུས་པ་ཉམས་པས་དེ་དག་རེ་ཤིག་མ་སྐྱེས་པས་ཁ་དོག་ལ་སོགས་པའི་སྣང་བ་གཞན་མ་ཤར་བ་ཡིན་གྱི་སྣང་བ་དེ་དག་བསྐྱེད་རིམ་གྱིས་བཀག་པ་མིན་ཏེ། རིག་པའི་རྒྱལ་པོས། རྣམ་ཤེས་དོན་གཞན་ཆགས་པ་ཡིས། །ནུས་མེད་དོན་གཞན་མི་འཛིན་ཕྱིར། །ཞེས་གསུངས་པ་བཞིན་ནོ། །ཞེས་གསུངས་པ་འདིའི་མིག་ཤེས་ཀྱི་དེ་མ་ཐག་གི་རྐྱེན་ཡིད་ཤེས་ཡིན་པར་བསྟན་འདུག་སྙམ་མོ། །ཞིབ་པར་རྐྱེན་གསུམ་ཞེས་པའི་ཐད་དུ་གཟིགས།
|