3854

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེ་སྒྲ་སོགས
Tibetan Definition ཉེ་རིང་གི་ཁྱད་པར་སོགས་སྟོན་པའི་ཕྲད་རང་དབང་ཅན་ཞིག་སྟེ།དེདང་འདི་གཉིས། རང་དང་ཉེ་བ་ལ་འདི། ཐག་རིང་བ་ལ་དེ་སྦྱར་བ་དང༌། དུས་འདས་མ་འོངས་ལ། དེ་སྦྱར་བ་དཔེར་ན། ན་ནིང་གི་ལོ་དེ་ཞེས་པ་དང༌། སང་ཕོད་ཀྱི་ལོ་དེ་ཞེས་པ་ལྟ་བུ། ད་ལྟ་བ་ལ་འདི་སྦྱར་བ་དཔེར་ན། ད་ལོའི་ལོ་འདིཞེས་པ་ལྟ་བུའོ། །སུམ་ཅུ་པའི་རྩ་བ་ལས། ཐ་སྙད་དབང་དུ་གསུམ་ཡིན་ཏེ། །དངོས་པོའི་དབང་དུ་བཞི་རུ་འགྱུར། །དུས་ཀྱི་དབང་དུ་གཉིས་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །ཐ་སྙད་ཀྱི་དབང་དུ་བྱས་ན་གསུམ་ནི། སྤྱི་ལ་མ་ཡིན་པར་ཐད་ཀར་གྱི་ཐ་སྙད་སྟོན་པ་དཔེར་ན། བུད་མེད་མཛེས་མའོ། །དེགཟུགས་བཟང་ངོ༌། །དེམདོག་ལེགས་སོ། །དེནུ་མ་འཁྲང་ལ་ཟླུམ་མོ། །དེསྐད་སྙན་ནོ་ལྟ་བུ། ཐ་སྙད་ཀྱི་རྣམ་གྲངས་གཞན་སྟོན་པ།དེལ་ཡི་གེ་བྲིས་ཤིག་ལྟ་བུ་འབྲི་གཞི་དངོས་སུ་མི་གསལ་ཡང༌། དེ་སྒྲའི་ཤུལ་དུ་ཤོག་བུ་ལྟ་བུ་ཐ་སྙད་ཀྱི་རྣམ་གྲངས་གཞན་ཞིག་སྦྱོར་རྒྱུ་ཡོད་པ་དོན་གྱིས་སྟོན་པ་ལྟ་བུ། ལྷག་བཅས་ཀྱི་སྒྲའི་ཐ་སྙད་སྟོན་པ་དཔེར་ན། ཤིང་བཅད་དེམེ་ལ་འབུད་ལྟ་བུ། དངོས་པོའི་དབང་དུ་བྱས་ན་བཞི་ནི། བདེན་པའི་དངོས་པོ་ལ་འཇུག་པ་དཔེར་ན།དེརང་ཡིན་ནོ་ལྟ་བུ། གསང་བའི་དངོས་པོ་ལ་འཇུག་པ་དཔེར་ན།དེམ་སྟོན་ཅིག་ཅེས་པ་ལྟ་བུ། བདག་གི་བའི་དངོས་པོ་ལ་འཇུག་པ་དཔེར་ན། ཁོ་བོའི་གླེགས་བམ་དེཀློགས་ཤིག་ཅེས་པ་ལྟ་བུ། ཕ་རོལ་གྱི་དངོས་པོ་ལ་འཇུག་པ་དཔེར་ན། རྡོ་བ་དེའདེགས་ནུས་སམ་ལྟ་བུ། དུས་ཀྱི་དབང་དུ་བྱས་ན་གསུམ་ནི། འདས་པ་ལ་འཇུག་པ་དཔེར་ན། ན་ནིང་གི་ལོ་དེལྟ་བུ། མ་འོངས་པར་འཇུག་པ་དཔེར་ན། སང་ཉི་མ་ཤར་བའི་དུས་དེརའགྲོའི་ལྟ་བུ། དེ་ཐམས་ཅད་བསྡུས་ན་གཉིས་སུ་འདུས་ཏེ། ལེགས་བཤད་ལྗོན་དབང་ལས། ཐ་སྙད་འདས་མ་ཐག་པ་དང༌། །རྣམ་གྲངས་གཞན་ཅན་གཉིས་ལ་འཇུག །ཅེས་གསུངས་པ་ལྟར་རོ། །