3859

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེབ་ཐེར
Tibetan Definition རྒྱལ་རབས་དང་ལོ་རྒྱུས་ཀྱི་ཡིག་ཆའི་མིང་། སྒྲ་བཤད་ནི། དེབ་གཏེར་ཉིད་བརྗོད་བདེའི་དབང་གིས་དེབ་ཐེར་ཞེས་སྨྲས་པའོ། །དཔེར་ན་ཁ་སྐད་དུ་དཔའ་རྟུལ་ལ། དཔའ་ཐུལ་ཞེས་བརྗོད་པ་ལྟ་བུའོ། །དེབ་གཏེར་ནི་དེབ་མཛོད་ཅེས་པའོ། །ཚལ་པ་ཀུན་དགའ་རྡོ་རྗེའི་€དེབ་ཐེར་དམར་པོལས། སྔོན་རབས་དང་ད་ལྟར་བྱུང་བའི་ལོ་རྒྱུས་སྣ་ཚོགས་ཀྱི་ཡིག་ཚང་ཁ་དོག་སྣ་ཚོགས་པ་ལས། དེབ་གཏེརདམར་པོ་རྣམས་ཀྱི་དང་པོ་འདི་བྲི་བར་བྱའོ། །ཞེས་དེབ་གཏེར་ཞེས་ཤིན་ཏུ་གསལ་བར་གསུངས་ཤིང་། ཚལ་པས་€དེབ་ཐེར་དམར་པོཐོག་མར་མཛད་དུས་མིང་དེ་སྐད་མི་ཟེར་བར་€ཧུ་ལན་དེབ་གཏེརཞེས་བརྗོད་ཚུལ་གསལ་བ་དེས་ཀྱང་ཤེས་ནུས་སོ། །དགེ་བཤེས་ཆོས་གྲགས་ཀྱི་ཚིག་མཛོད་ལྟར་ན་དེབ་ཐེར་ཞེས་པ་སོག་སྐད་ཡིན་པའི་ཚུལ་དུ་འགྲེལ་ཡོད་པར་བཤད། དེབ་ཀྱི་སྒྲ་བཤད་ནི། ཤོག་བུ་མང་པོ་གཅིག་ཏུ་བསྡེབས་ནས་གྲུབ་པའི་གླེགས་བམ་མམ་དཔེ་ཆ་ལ་ཟེར། སྤྱིར་དེབ་ཅེས་པ་སྡེབ་ཅེས་པའི་བྱེད་པ་པོ་དངོས་སུ་མ་འབྲེལ་བའི་བྱ་བྱེད་ཐ་མི་དད་པའི་ཚིག་ཏུ་གྲུབ་པའི་མིང་གི་ཐ་སྙད་ཅིག་ལ་བྱ། དཔེར་ན་བསྒྱུར་ནས་འགྱུར། སྦྱར་ནས་འབྱར་ལྟ་བུའི་ཚུལ་དུ་གྲུབ་པ་དེ་བཞིན་དེབ་ཀྱང་སྡེབ་ནས་གྲུབ་ཚུལ་གསུང་མཁན་འདུག ཁོ་བོ་ལྟར་ན། དེབ་ནི་ལྡེབབམ་ལྡེབས་མ་དང་། དེ་ཡང་འདབ་མ་ལས་དྲས་ཤིང་། དེ་ནི་ལོ་མའི་དོན་ཏེ། ཆེས་གནའ་བོའི་དུས་རྒྱ་གར་དུ་ཏ་ལའི་ལོ་མའི་སྟེང་ཡི་གེ་འབྲི་སྲོལ་ཤས་ཆེར་ཡོད་པ་དེའི་སྒྲ་ལས་བྱུང་བར་སེམས་སོ། །དེབ་ཐེར་ལ་འབྲི་ཚུལ་མི་འདྲ་བ་མང་དུ་ཡོད་དེ། དེབ་གཏེར། དེབ་ཐེར། དེབ་སྡེབ། དེབ་ཐེབ་སོགས་ལྟ་བུའོ། །དེབ་ཐེར་སྐོར་ཞིབ་པར་གཟིགས་འདོད་ན། ༡༩༨༦-༡༩༩༦བར་གྱི་€དཔྱད་རྩོམ་འདེམས་བསྒྲིགསཞེས་བྱ་བའི་ཤོག་གྲངས་༥༩༦ལས། ལབ་ཕན་འདུམ་བློ་བཟང་བློ་གྲོས་ལགས་ཀྱི་€བོད་ཀྱི་བསྟན་བཅོས་སམ་རྩོམ་ཡིག་གི་ཁ་བྱང་སྐོར་བཤད་པཞེས་པའི་དཔྱད་རྩོམ་ཤིན་ཏུ་ལེགས་པ་ཞིག་ཡོད་པ་དེ་ལ་གཟིགས། དེང་སང་དེབ་ཐེར་ཞེས་པ་རྒྱལ་རབས་ལོ་རྒྱུས་ཀྱི་ཡིག་ཆའི་མིང་དུ་རླུང་ལྟར་གྲགས་མོད། འོན་ཀྱང་ཐོག་མར་དེབ་ཐོག་ཏུ་བྲིས་པའི་རྒྱལ་རབས་ཀྱི་མིང་དུ་གྲགས་ཤིང༌། རང་རེ་བོད་ཀྱི་ཡིག་ཆ་རྣམས་ཀྱང་ཐོག་མར་ཤོག་དྲིལ་དང་དེ་ནས་རིམ་གྱིས་དཔེ་ལྡེབས་ཀྱི་སྟེང་དུ་དང༌། དེ་ནས་ཉེ་དུས་སུ་དེབ་ཐོག་བྲི་བའི་སྲོལ་ཆགས་པར་གསུངས་ཏེ། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས། རྒྱ་གར་ལྷོ་ཕྱོགས་རྣམས་ཀྱིས་ཏ་ལའི་འདབ་མར་ལྕགས་ཁབ་ཀྱི་རྩེ་མོས་ཡི་གེ་བྲི་བར་འདུག་སྟེ་ཀློག་བདེ་བ་མི་སྣང་མོད། ཡི་གེ་ནམ་ཡང་ཆུད་མི་ཟ། སིངྒ་ལར་ཡང་སྡེ་སྣོད་ཀྱི་གླེགས་བམ་རྣམས་ལྕགས་ཁབ་ཀྱིས་འབྲི་ཡིན་འདུག གཞན་ཡུལ་དབུས་དང་བལ་ཡུལ་ནས་བྱུང་བ་རྣམས་ནི་སྣག་ཚའི་ཡི་གེ་ཤ་སྟག་ཏུ་སྣང༌། སྤྱིར་དཔེ་ལྡེབས་མ་རིང་པོ་བྲི་བའི་སྲོལ་འདི་དང་པོ་ཏ་ལའི་ལོ་མར་བྲིས་པ་ལ་བརྟེན་ཏེ། རྒྱ་གར་དང་བོད་ཡུལ་སོགས་ལ་དར་བར་འདུག་ཅིང༌། རྒྱ་གར་བ་རྣམས་ཤོག་བུའི་མིང་ལ་ད་དུང་ཡང་ལོ་མ་ཟེར། གཞན་སྔོན་རང་རེ་རྣམས་ཀྱི་ཁྲིམས་ཡིག་སོགས་ཤོག་དྲིལ་ལ་ཡོད་དམ་སྙམ་ཞིང༌། དེབ་བྱེད་པའི་སྲོལ་ནི་དང་པོ་རྒྱ་ནག་དང༌། དེ་ནས་ཏ་ཟིག་སོགས་སུ་གནའ་དུས་ཤིག་ནས་དར་བར་ཡིད་མོད། རང་རེ་ལ་སྲོལ་ཡེ་མ་བྱུང༌། དེབ་ཀྱི་སྟེང་དུ་བྲིས་པའི་རྒྱལ་རབས་ཀྱི་ཡི་གེ་སོགས་ལ་དེབ་ཐེར་ཞེས་གྷི་རིག་དང་ཏ་ཟིག་རྣམས་ཀྱིས་འབོད་པའི་བརྡ་སོག་ཡུལ་དུ་སླེབས་ཏེ་དེབ་ཐེར་དང་དེ་ནས་བོད་ཀྱིས་ཀྱང་བརྡ་ཆད་དེ་བླངས་ཏེ་རྒྱལ་རབས་ལ་དེབ་ཐེར་སོགས་སུ་བྲིས་སོ། །ཤོག་བུ་འདི་ཧན་གྱི་རྒྱལ་པོའི་དུས་སུ་བློན་པོ་ཚའི་ཡུན་བྱ་བས་གསར་དུ་བྱས་ནས་ད་བར་ལོ་སྟོང་དང་བརྒྱད་བརྒྱ་ཙམ་ལས་མ་སོང་ཞིང༌། རང་རེའི་ཡུལ་དུ་དེ་ལས་འཕྱི་བ་དང་རྒྱ་གར་དུ་དེ་ལས་ཀྱང་འཕྱིས་པས་འདི་ཤེས་ན་བསྟན་བཅོས་དང་ལོ་རྒྱུས་མང་པོ་ཞིག་གི་གསར་རྙིང་འཁྲུལ་མེད་དུ་མཇལ་ནུས། །ཞེས་གསུངས།