3879

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དོ་ཤལ
Tibetan Definition 2 མུ་ཏིག་གི་ཕྲེང་བ་ལྟེ་བ་སླེབས་ཙམ་དུ་འཕྱང་བའི་བྲང་རྒྱན་རིང་པོའི་མིང༌། ཞིབ་ཏུ་བཤད་ན། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་༦༡བ༦ལས། དེ་ལ་དོ་ཤལ་ནི་སྐུད་པ་དམར་པོ་ལ་རྒྱུས་པའི་མུ་ཏིག་གི་ཕྲེང་བ་གློ་གཉིས་དང་སྟེང་དང་འོག་ཏུ་གསེར་གྱི་བཅིངས་པའི་ནོར་བུ་དབུས་ན་ཡོད་པའོ། །ཞེས་གསུངས་པ་དང་མཐུན་ནོ། །དོ་ཤལ་དང་དོ་ཤལ་ཕྱེད་པ་ནི་སྤྱིར་བཏང་ཡོངས་གྲགས་སུ་མུ་ཏིག་ལ་སྦྱར་ནས་བཤད་མོད། གཡུ་དང་བྱུ་རུ་སོགས་རིན་པོ་ཆེ་གཞན་ལའང་རིགས་འགྲེ་སྦྱོར་རུང་བར་སེམས། སྒྲ་བཤད་ནི། དོ་ནི་གཡས་གཡོན་མཉམ་པའི་དོན་དང༌། ཤལ་ནི་མར་དཔྱང་བའི་དོན་ཡིན། དོ་ཤལ་དང་སེ་མོ་དོའི་ཁྱད་པར་ནི། མུ་ཏིག་གི་ཕྲེང་བ་ལྟེ་བ་སླེབས་ཙམ་དུ་འཕྱང་བ་ནི་དོ་ཤལ་དང༌། ནུ་མ་སླེབས་ཙམ་དུ་འཕྱང་བ་ནི་སེ་མོ་དོའོ། །མདོར་ན་དོ་ཤལ་ཕྱེད་པ་ལ་སེ་མོ་དོ་ཞེས་བྱ་སྟེ། འདུལ་བ་གཞིའི་རྒྱ་ཆེར་འགྲེལ་ལས། སེ་མོ་དོ་ཞེས་བྱ་བ་ནི་མུ་ཏིག་གི་དོ་ཤལ་གྱི་ཕྱེད་ནུ་མ་དག་གི་སྟེང་ན་གནས་པའོ། །ཞེས་གསུངས་སོ། །དེས་ན་དེ་གཉིས་ནི་རིང་ཐུང་གི་ཁྱད་པར་ཙམ་མོ། །འདུལ་བ་རྣམ་འབྱེད་འགྲེལ། ཕྲན་ཚེགས་འགྲེལ། ལུང་གཞིའི་འགྲེལ་པ། མཚོ་ཊཱིཀ་སོགས་རྒྱ་བོད་ཀྱི་གཞུང་མང་པོར་ལེགས་པར་བརྟགས་ཏེ་བཀོད་ཡོད་དོ། །འདི་གཞུང་འདི་དག་ནས་བཤད་པའི་དོ་ཤལ་དང་འོག་ནས་བཤད་པའི་དོ་ཤལ་གཉིས་ལ་ཁྱད་པར་འབྱུང་བ་ནི་མདོ་སྔགས་ཀྱི་ཁྱད་པར་ཙམ་ཡིན་པར་ངེས་སོ། །2 མི་རུས་སམ་མི་མགོའི་ཕྲེང་བ་བརླ་ཕྲ་སྦོམ་གྱི་མཚམས་སུ་སླེབས་པའི་བྲང་རྒྱན་རིང་པོའི་མིང༌། རྗེའི་གསུང་གསང་འདུས་བསྐྱེད་རིམ་གྱི་ཟིན་བྲིས་ལས། དོ་ཤལ་ནི་བརླ་ཕྲ་སྦོམ་མཚམས་སུ་སླེབས་པ། ཞེས་ཀྱང་གསུངས་སོ། །ཀློང་རྡོལ་བླ་མས་ཀྱང༌། ཁ་ཅིག་རིན་ཆེན་ཕྲེང་བ་ནི། །མགུལ་བ་འཁོར་ཙམ་མགུལ་རྒྱན་དང༌། །ལྟེ་བ་སླེབས་པ་སེ་མོ་དོ། །བརླ་ལ་སླེབས་པ་དོ་ཤལ་ཟེར། །ཞེས་ཀྱང་འབྱུང་ངོ༌། །འདི་ལ་དོགས་གཅོད། དོ་ཤལ་ཞེས་པ་ཐོག་མར་མུ་ཏིག་གི་ཕྲེང་བ་ལྟེ་བ་སླེབས་ཙམ་འཕྱང་བ་ལ་གྲགས་པ་ཡིན་མོད། ཕྱིས་རུས་ཕྲེང་ལྟེ་བ་ཙམ་དུ་འཕྱང་བ་ལའང་མིང་དེ་ལྟར་ཐོགས་པར་སེམས་སོ། །བོད་རྒྱ་ཚིག་མཛོད་ཆེན་མོར། ཕྲེང་བ་ཁུག་པ་ཅན་གྱི་རྒྱན་ཆ་གཡུ་དང་བྱུ་རུ་སྤོས་ཤེལ་སོགས་ཡོད་པ། ཞེས་སྤྱི་སྤམ་ཞིག་ལས་ཁ་གསལ་ཞིག་མི་འདུག་པས་སྣོན་པ་དགོས་སོ། །