4

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ༀ་མ་ཎི་པདྨེ་ཧཱུྃ
Tibetan Definition (གསང་སྔགས) (ལེགས་སྦྱར) ॐ मणि पद्मे हूँ ༀ་ལ་ཨ་ཨུ་མ་གསུམ་འདུས་པས། རྡོ་རྗེ་གསུམ་མམ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་གསུམ་མཚོན། (སྤྱིར་བཏང་ༀ་ནི་པྲ་ཎ་མ་ཞེས་པ་རབ་བསྔགས་ཏེ། འདུད་པ་དང་ཕྱག་འཚལ་བའི་མཚོན་བྱེད་དང༌། གཞན་ཡང་བཀྲ་ཤིས་པ་དང་གཡང་གི་དོན་ནོ། །ཞིབ་པར་ༀ་ཞེས་པའི་ཐད་དུ་གཟིགས) མ་ཎི་ནོར་བུ། པདྨ་ནི་མེ་ཏོག་པདྨ། མེ་ཞེས་པའི་རིང་ཆ་ནི་བྱིས་པས་མ་ལ་འབོད་པའི་ཚེ་གདངས་རིང་པོས་འབོད་པ་ལྟར། ཨེ་ཞེས་པ་རྣམ་དབྱེ་བརྒྱད་པ་འབོད་པའི་སྒྲ་ཡིན་པར་བཤད། ཧཱུྃ་ནི་བསྐུལ་བ་དང་འབོད་པའི་དོན་ཡིན་པར་གཞུང་མང་པོར་གསུངས་(གཞུང་འགའ་ཞིག་ཏུ་ཐུགས་ཀྱི་ས་བོན་ཡིན་པར་ཡང་གསུངས)པས། ཀྱེ་ནོར་བུ་པདྨ་ཅན་(ཞེས་ནོར་བུ་ཆུ་ཤེལ་གྱི་ཕྲེང་བ་དང་གསེར་གྱི་པདྨ་ཕྱག་མཚན་དུ་བསྣམས་པའི)ལྷའི་མཚན་ནས་བོས་ཏེ་བདག་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ་ཅིག་ཅེས་ཐུགས་རྒྱུད་བསྐུལ་བའོ། །(བླ་མར་ཁས་འཆེས་པ་མང་པོས། འདིའི་ནོར་བུ་ཞེས་པ་ཕྱག་དང་པོ་གཉིས་ཀྱི་བར་འཛིན་པའི་ནོར་བུ་ལ་བཤད་པ་ནི་ནོར་རོ། །འདི་ནི་རྒྱུད་དང་དགོངས་འགྲེལ་གང་གི་ཡང་དགོངས་པ་མིན་ཞིང་། སྒྲུབ་ཐབས་རྣམས་སུ་ཡང་ནོར་བུ་ཆུ་ཤེལ་གྱི་ཕྲེང་བ་གསུངས་པ་ཙམ་ལས། ཕྱག་གཉིས་ཀྱི་བར་དུ་ནོར་བུ་འཛིན་པ་ཞེས་གང་དུ་ཡང་མ་གསུངས་པའི་ཕྱིར་རོ། །དེ་ནི་ལྷ་བྲིས་པ་དག་གིས་མཛེས་ཆོས་དང་ཕྱག་སྟོང་པ་བྱེད་ན་རྟེན་འབྲེལ་འཕྱུག་པར་དོགས་ནས་བཅུག་པར་ཙམ་མོ) ཡི་གེ་དྲུག་གིས་སྦྱང་གཞི་འགྲོ་བ་རིགས་དྲུག སྦྱང་བྱ་དྲི་མ་དྲུག སྦྱོང་བྱེད་ལམ་ཕར་ཕྱིན་དྲུག སྦྱངས་འབྲས་རྒྱལ་བ་རིགས་ལྔ་དང་རྡོ་རྗེ་འཆང་སྟེ་རིགས་དྲུག་མཚོན། ཞིབ་ཏུ་བཤད་ན། (སྦྱང་གཞི་འགྲོ་བ་རིགས་དྲུག) ༀ་གྱིས་ལྷའི་འཆི་ལྟས་ཀྱི་སྡུག་བསྔལ་སེལ། མ་ཡིས་ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ། ཎི་ཡིས་མིའི་སྐྱེ་རྒ་ན་འཆིའི་སྡུག་བསྔལ། པད་ཀྱིས་དུད་འགྲོ་བཀོལ་སྤྱོད་ཀྱི་སྡུག་བསྔལ། མེ་ཡིས་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ། ཧཱུྃ་གིས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་སེལ་བར་བྱེད་དོ། །(སྦྱང་བྱ་དྲི་མ་དྲུག) ༀ་གྱིས་(ལྷའི)ང་རྒྱལ། མ་ཡིས་(ལྷ་མ་ཡིན་གྱི)ཕྲག་དོག ཎི་ཡིས་(མིའི)འདོད་ཆགས། པད་ཀྱིས་(དུད་འགྲོའི) གཏི་མུག མེ་ཡིས་(ཡི་དྭགས་ཀྱི)བརྣབ་སེམས། ཧཱུྃ་གིས་(དམྱལ་བའི)གནོད་སེམས་སམ་ཞེ་སྡང་མཚོན། (སྦྱོང་བྱེད་ལམ་ཕར་ཕྱིན་དྲུག) ༀ་གྱིས་སྦྱིན་པའི་ཕར་ཕྱིན། མ་ཡིས་ཚུལ་ཁྲིམས་ཀྱི་ཕར་ཕྱིན། ཎི་ཡིས་བཟོད་པའི་ཕར་ཕྱིན། པད་ཀྱིས་བརྩོན་འགྲུས་ཀྱི་ཕར་ཕྱིན། མེ་ཡིས་བསམ་གཏན་གྱི་ཕར་ཕྱིན། ཧཱུྃ་གིས་ཤེས་རབ་ཕར་ཕྱིན་བཅས་མཚོན། (སྦྱང་འབྲས་རྒྱལ་བ་རིགས་དྲུག) (མ་ཎིའི་ཡིག་འབྲུ་རྣམས་དཀར་སེར་དམར་ལྗང་སྔོ་བའི་ཁ་དོག་སྣ་ཚོགས་སུ་བྱས་པ་འདི་མཛེས་ཆོས་ལྟ་བུ་མིན་པར་དེས་རྒྱལ་བ་རིགས་དྲུག་མཚོན་པའི་མཚོན་དོན་ཁྱད་པར་ཅན་ཡོད་པར་ཤེས་པར་བྱ་དགོས་ཏེ) ༀ་དཀར་པོས་རྣམ་སྣང་དཀར་པོ། མ་ལྗང་ཁུས་དོན་གྲུབ་ལྗང་ཁུ། ཎི་སེར་པོས་རིན་འབྱུང་སེར་པོ། པད་སྔོན་པས་(འོག་གི་ཧཱུྃ་སྔོན་པོ་དང་ཁྱད་པར་འབྱེད་པའི་ཕྱིར་བྲིས་ཆ་རྣམས་སུ་འདི་ཅུང་ཟད་དཀར་ཤས་ཆེ་བའི་སྔོན་པོར་འབྲི་སྲོལ་ཡོད)མི་བསྐྱོད་པ་སྔོན་པོ། མེ་དམར་པོས་འོད་དཔག་མེད་དམར་པོ། ཧཱུྃ་སྔོན་པོས་(ནག་ཤས་ཆེ་བའི་སྔོན་པོ)གསང་བའི་བདག་པོ་སྟེ་རིགས་དྲུག་པ་རྡོ་རྗེ་འཆང་སྔོན་པོ་མཚོན་པ་བཅས་སོ། །(ༀ་གྱི་འགྲེལ་བཤད་ཞིབ་པར་ༀ་ཞེས་པའི་ཐད་དུ་གཟིགས) ཡང་། མ་ཎི་ཐབས་དང་། པདྨ་ཤེས་རབ། ཧཱུྃ་ཟུང་དུ་འཇུག་པ་སྟེ་ཐབས་ཤེས་ཟུང་འཇུག་ལ་སྦྱར་ནས་འགྲེལ་བཤད་བྱེད་ཚུལ་སོགས་མི་འདྲ་བ་གཞན་ཡང་ཡོད་པས་འདི་ཁོ་ནར་མ་ངེས་སོ། །མ་ཎིའི་གཟུངས་སྔགས་འདི་ནི་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་གསུངས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ « འཕགས་པ་འཇིག་རྟེན་དབང་ཕྱུག་ཡི་གེ་དྲུག་པའི་སྒྲུབ་ཐབས » བསྟན་འགྱུར་རྒྱུད་༼ ནུ་པ ༽༡༢༣ན༥ ལས། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱིས། །བྱིན་གྱིས་བརླབས་པའི་གསང་སྔགས་འདི། །རྒྱུད་མི་འཆད་དུ་བཟླ་བར་བྱ། །ༀམཎིཔདྨེཧཱུྃ། ཞེས་གསུངས་སོ། །མ་ཎིའི་ཕན་ཡོན་ནི། ཟ་མ་ཏོག་བཀོད་པའི་མདོ་༼ ཇ་པ ༽༢༣༤ན༦ལས། སེམས་ཅན་གང་དག་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་འདི་འཛབ་ཏུ་བགྱིད་པ་དང་། ཉན་པ་དང་། སེམས་པ་དང་། བསམ་པ་ལྷག་པས་འཛིན་པ་དེ་དག་ནི་བསོད་ནམས་དང་ལྡན་པ་ལགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ་གང་ཡི་གེ་དྲུག་པའི་རིགས་སྔགས་ཆེན་མོ་འདི་འདྲིར་འཇུག་པ་དེས་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འདྲིར་འཇུག་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡུལ་ཕྲ་རབ་དང་མཉམ་པའི་ལྷའི་གསེར་རིན་པོ་ཆེ་ལས་བྱེད་ཅིང་བྱས་ནས་ཉིན་གཅིག་བཞིན་དུ་རིང་བསྲེལ་འཇུག་པ་དེའི་འབྲས་བུ་རྣམ་པར་སྨིན་པ་ནི་ཡི་གེ་དྲུག་པའི་རིགས་སྔགས་ཆེན་མོའི་ཡི་གེ་འབྲུ་གཅིག་གི་འབྲས་བུ་རྣམ་པར་སྨིན་པ་ཙམ་སྟེ། ཡོན་ཏན་བསམ་གྱིས་མི་ཁྱབ་བོ། །ཐར་པ་ཤིན་ཏུ་གནས་པའོ། །ཞེས་སོགས་གསུངས་སོ། །དམ་ཆོས་པདྨ་དཀར་པོའི་མདོ་ལས་ཀྱང་འདི་ལྟར་གསུངས་ཏེ། དམ་པའི་ཆོས་པདྨ་དཀར་པོ། བམ་པོ་བཅུ་གསུམ་པ་སྟེ་ཐ་མ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ཏེ། བཅོམ་ལྡན་འདས་ག་ལ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཅིའི་སླད་དུ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཅེས་བགྱི། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། འདི་ལ་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཇི་སྙེད་ཅིག་སྡུག་བསྔལ་གང་དག་མྱོང་བར་གྱུར་པ་དེ་དག་གིས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་མིང་ཐོས་ན། དེ་དག་ཐམས་ཅད་སྡུག་བསྔལ་གྱི་ཕུང་པོ་དེ་ལས་ཡོངས་སུ་ཐར་བར་འགྱུར་རོ། །རིགས་ཀྱི་བུ། སེམས་ཅན་གང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་མིང་འཛིན་པ་དེ་དག་གལ་ཏེ་མེའི་ཕུང་པོ་ཆེན་པོར་ལྷུང་ནའང༌། དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་གཟི་བརྗིད་ཀྱིས། མེའི་ཕུང་པོ་ཆེན་པོ་རབ་ཏུ་འབར་བ་ལས་དེ་ཐར་བར་འགྱུར་རོ། །རིགས་ཀྱི་བུ། གལ་ཏེ་ཆུ་ཀླུང་དག་གིས་ཁྱེར་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་བོས་ན། ཆུ་ཀླུང་དེ་དག་ཐམས་ཅད་ཀྱིས་སེམས་ཅན་དེ་དག་ཐམས་ཅད་གཏིང་ཚུགས་པར་བྱེད་དོ། །རིགས་ཀྱི་བུ། གལ་ཏེ་སེམས་ཅན་བྱེ་བ་ཁྲ་ཁྲིག་བརྒྱ་སྟོང་རྒྱ་མཚོའི་ནང་དུ་གྲུར་ཞུགས་ཏེ། འགྲོན་བུ་དང༌། གསེར་དང༌། ནོར་བུ་དང༌། མུ་ཏིག་དང༌། བཻ་ཌཱུརྻ་དང༌། དུང་དང༌། མན་ཤེལ་དང༌། རྡོའི་སྙིང་པོད་དང༌། བྱུ་རུ་དང༌། སྤུག་དང༌། མུ་ཏིག་དམར་པོ་ལ་སོགས་པའི་ཕྱིར་དོང་བ་དེ་རྣམས། རླུང་ནག་པོས་སྲིན་མོའི་གླིང་དུ་འཕངས་བར་གྱུར་ལ། དེ་ནས་སེམས་ཅན་གཅིག་འགའ་ཞིག་གིས་སྤྱན་རས་གཟིགས་དབང་ཕྱུག་ལ་བོས་ན། དེ་དག་ཐམས་ཅད་སྲིན་མོའི་གླིང་དེ་ནས་ཐར་བར་འགྱུར་རོ། །རིགས་ཀྱི་བུ། དེའི་ཕྱིར་བྱང་ཆུབ་སེམས་་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སྤྱན་རས་གཟིགས་དབང་ཕྱུག་ཅེས་བཏགས་སོ། །རིགས་ཀྱི་བུ། གལ་ཏེ་གསད་པར་བཀྲི་བ་ལས་སྤྱན་རས་གཟིགས་དབང་ཕྱུག་ལ་བོས་ན། གཤེད་མ་དེ་དག་གི་མཚོན་དེ་དག་དུམ་བུ་དུམ་བུར་ཆག་ཅིང་གྲུག་པར་འགྱུར་རོ། །ཞེས་སོགས་གསུངས་སོ།། རྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོའི་འཕགས་བསྟོད་ལས། ཁྱོད་ཀྱི་མཚན་ཡང་བྱིན་གྱིས་བརླབས་ཏེ་གང་ཐོས་འཇིགས་པ་ཞི་བ་དང༌། །ཞེས་གསུངས་པ་ཡང་མདོ་འདི་ཉིད་ལ་ཁུངས་གཏུགས་པར་སེམས་སོ། །སྤྱན་རས་གཟིགས་ཕྱག་བཞི་པའི་སྐུ་མདོག་དང་ཕྱག་མཚན་གྱི་མཚོན་དོན་ནི། སྐུ་མདོག་དཀར་པོ་ནི། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །ཞེས་གསུངས་པ་ལྟར། འཁོར་བའི་སྐྱོན་གྱིས་མ་གོས་པས་མཚོན་དོན་དང་། ཡང་ན། ཆོས་སྐུ་དྲི་མ་མེད་པ་ཐུགས་རྒྱུད་ལ་མངའ་བའི་བརྡ། དབུ་ལ་རིན་པོ་ཆེའི་རྒྱན་དང་དབུའི་གཙུག་ན་སངས་རྒྱས་སྣང་བ་མཐའ་ཡས་བཞུགས་པ་ནི། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་དང་ལྡན་པའི་པད་མའི་རིགས་འཛིན་པའི་མཚོན་དོན། ཕྱག་བཞི་ནི། ཚད་མེད་པ་བཞིས་སེམས་ཅན་གྱི་དོན་མཛད་པའི་བརྡ་དང་། ཕྱག་དང་པོ་གཉིས་ཀྱིས་ཐུགས་ཀར་ཐལ་མོ་སྦྱོར་བ་ནི། ཆོས་རྣམས་ཀྱི་གནས་ལུགས་སྟོང་པ་ཉིད་ལེགས་པར་ཁོང་དུ་ཆུད་དོ་ཞེས་པའི་མཚོན་དོན་དང་། གཡས་ཀྱི་ཕྱག་གཉིས་པས་ནོར་བུ་ཆུ་ཤེལ་ལས་གྲུབ་པའི་རིན་པོ་ཆེའི་འཕྲེང་བ་བསྣམས་པ་ནི། འཕྲེང་ཐག་རྒྱུན་མ་ཆད་པར་འཁོར་མོར་ཡོད་པ་བཞིན་དུ། ཉམས་ཐག་པའི་འགྲོ་བ་ལ་དུས་རྟག་ཏུ་ཐུགས་རྗེ་ཆེན་པོ་རྒྱུན་ཆད་མེད་པར་འཇུག་པར་མཚོན། ཞབས་གཉིས་ནི། འགྲོ་བའི་དོན་ལ་ཐབས་ཤེས་ཟུང་འཇུག་གིས་མཉམ་པར་བཞུགས་པའི་བརྡ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ནི། འདོད་ཡོན་མ་སྤངས་པར་ཆོས་ཉིད་ལ་རོལ་པའི་རྒྱན་དུ་ཤར་བའོ། །ཡང་ན། འདོད་པའི་ཡོན་ཏན་ཐམས་ཅད་ལ་སྤྱོད་ཀྱང་ཞེན་མེད་དུ་སེམས་ཅན་གྱི་དོན་དང་ཚུལ་བསྟན་པའི་བརྡ། ཉི་ཟླ་པད་མའི་གདན་ལ་བཞུགས་པ་ནི། འགྲོ་བ་སེམས་ཅན་ལ་ཐུགས་རྗེ་ཉི་ཟླ་ལྟར་ཕྱོགས་རིས་མེད་པ་དང་། པད་མ་འདམ་གྱིས་མ་གོས་པ་ལྟར་འཁོར་བའི་ཉོན་མོངས་པ་དང་རྣམ་རྟོག་གིས་མ་གོས་པའི་བརྡའོ། ། « འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བསྟོད་པ » དགེ་སློང་མ་དཔལ་མོས་མཛད་པ་བསྟན་འགྱུར་རྒྱུད་འགྲེལ་༼ ནུ ༽༡༢༦ བ༡ལས། (འདི་ནང་སྤྱན་རས་མང་པོའི་བསྟོད་པ་བཞུགས) ཆོས་ཉིད་ཐུགས་ཆུད་ཐུགས་ཀར་ཐལ་མོ་སྦྱར། །ཐུགས་རྗེ་རྒྱུན་ཆད་མེད་པས་འཕྲེང་བ་འཛིན། །ཡི་དྭགས་བཀྲེས་སྐོམ་སེལ་བའི་མཆོག་སྦྱིན་ཕྱག །ཕྱག་གཡས་འཁོར་ལོ་བསྣམས་ལ་ཕྱག་འཚལ་ལོ། །འཁོར་བས་འདམ་གྱིས་མ་གོས་པདྨ་བསྣམས། །ཞེས་དང་། ཐུགས་རྗེ་མཐར་ཕྱིན་ཕྱག་སྟོང་འགྲོ་རྣམས་སྐྱོབ། །ཤེས་རབ་མཐར་ཕྱིན་དྲི་མེད་སྤྱན་སྟོང་གཟིགས། འཇིགས་པ་ཀུན་ལས་སྐྱོབ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །བསྒོམ་བཟླས་བྱ་ཚུལ་ནི། བླ་མ་དང་སྤྱན་རས་གཟིགས་དབྱེར་མེད་དུ་སྒོམ་པའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿཡིག་དཀར་པོའི་(ཧྲཱིཿདཀར་པོས་སྤྱན་རས་གཟིགས་ཀྱི་ཐུགས་མཚོན། དེ་ཡང༌། ཧྲཱིཿ hri ནི། ཐུགས་མཚོན་པའི་ཡི་གེ་ཞིག་སྟེ། ལེགས་སྦྱར་གྱི་ཧྲི་ད་ཡའི་བསྡུས་ཚིག་སྟེ། སྙིང་དང༌། སྙིང་པོ། སྙིང་ག ཐུགས་བཅས་ལ་འཇུག ཀློག་ཚུལ་ནི་ཧི་རི་ཞེས་པ་ལྟ་བུར་བཀླག) མཐར་ཡིག་དྲུག་གིས་བསྐོར་བ་ལ་དམིགས་ཏེ་བསྒོམ་བཟླས་བྱ་དགོས། ཅུང་ཟད་སྤྲོ་ན། དེ་ནས་རྣམ་སྣང་གི་ངོ་བོ་ༀ་ཡིག་དཀར་པོ་ལས་འོད་ཟེར་དཀར་པོའི་ཚོགས་འཕྲོས་ཏེ། ལྷའི་ང་རྒྱལ་དང་འཆི་ལྟས་ཀྱི་སྡུག་བསྔལ་སེལ། དོན་གྲུབ་ཀྱི་ངོ་བོ་མ་ཡིག་ལྗང་ཁུ་ལས་འོད་ཟེར་ལྗང་ཁུའི་ཚོགས་འཕྲོས་ཏེ། ལྷ་མ་ཡིན་གྱི་ཕྲག་དོག་དང་འཐད་རྩོད་ཀྱི་སྡུག་བསྔལ་སེལ། རིན་འབྱུང་གི་ངོ་བོ་ཎི་ཡིག་སེར་པོ་ལས་འོད་ཟེར་སེར་པོའི་ཚོགས་འཕྲོས་ཏེ། མིའི་འདོད་ཆགས་དང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སེལ། མི་བསྐྱོད་པའི་ངོ་བོ་པད་ཡིག་སྔོན་པོ་ལས་འོད་ཟེར་སྔོན་པོའི་ཚོགས་འཕྲོས་ཏེ། དུད་འགྲོའི་གཏི་མུག་དང་བཀོལ་སྤྱོད་ཀྱི་སྡུག་བསྔལ་སེལ། འོད་དཔག་མེད་ཀྱི་ངོ་བོ་མེ་ཡིག་དམར་པོ་ལས་འོད་ཟེར་དམར་པོའི་ཚོགས་འཕྲོས་ཏེ། ཡི་དྭགས་ཀྱི་བརྣབ་སེམས་དང་བཀྲེས་སྐོམ་གྱི་སྡུག་བསྔལ་སེལ། རྡོ་རྗེ་འཆང་གི་ངོ་བོ་ཧཱུྃ་ཡིག་སྔོན་པོ་ལས་འོད་ཟེར་སྔོན་པོའི་ཚོགས་འཕྲོས་ཏེ། དམྱལ་བའི་ཁོང་ཁྲོ་དང་ཚ་གྲང་གི་སྡུག་བསྔལ་སེལ་བའི་དམིགས་པ་མ་ཡེངས་པར་བྱའོ། །སྤྲོས་པ་ལ་མི་དགའ་བའི་གང་ཟག་ལ་གོང་དུ་བཤད་པ་ལྟར་དང་། ཡང་ཅུང་ཟད་སྤྲོ་བར་འདོད་ན་འོག་ཏུ་དངུལ་ཆུ་དྷརྨ་བྷ་དྲའི་གསུང་ལྟར་སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་དེ་བཏོན་ནས་མ་ཎི་འདྲེན་ནའང་ཕན་ཡོན་ཆེན་པོ་འཐོབ་བོ།། ༄༅། །ན་མོ་གུ་རུ་ལོ་ཀི་ཤྭ་རཱ་ཡ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། རང་གི་སྤྱི་བོར་པད་དཀར་ཟླ་བའི་སྟེང༌། །རྩ་བའི་བླ་མ་མགོན་པོ་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། །དང་པོའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །གཡས་པས་ཤེལ་འཕྲེང་གཡོན་པས་པད་དཀར་འཛིན། །རིན་ཆེན་རྒྱན་དང་དར་གྱི་ན་བཟས་ཀླུབས། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི། །གནས་གསུམ་ༀ་ཨཱཿཧཱུྂ་མཚན་འོད་ཟེར་ཀྱིས། །རང་བཞིན་གནས་ནས་བླ་མ་སྤྱན་རས་གཟིགས། །སྤྱན་དྲངས་སྐྱབས་གསུམ་ཀུན་འདུས་ངོ་བོར་གྱུར། །རྩ་བའི་བླ་མ་སྤྱན་རས་གཟིགས་དབང་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །དངོས་བཤམས་ཡིད་སྤྲུལ་མཆོད་པ་མ་ལུས་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །སྐྱེ་འཕགས་དགེ་བ་རྣམས་ལ་རྗེས་ཡི་རང༌། །འཁོར་བ་མ་སྟོངས་བར་དུ་ལེགས་བཞུགས་ནས། །འགྲོ་ལ་ཆོས་འཁོར་མ་ལུས་བསྐོར་དུ་གསོལ། །དགེ་ཀུན་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ། །སྐྱབས་གནས་ཀུན་འདུས་བླ་མ་ལྷག་པའི་ལྷ། །མགོན་པོ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི། །མགོན་སྐྱབས་དཔུང་གཉེན་དམ་པ་མཛད་དུ་གསོལ། །དེ་ལྟར་མཆོད་ཅིང་གསོལ་བ་བཏབ་པའི་མཐུས། །འཕགས་པའི་ཐུགས་ཀར་ཟླ་སྟེང་ཧཱིཿཡིག་མཐར། །ཡི་གེ་དྲུག་པས་བསྐོར་ལས་བདུད་རྩིའི་རྒྱུན། །བབས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་བཀྲུས། །རང་ཉིད་སྤྱན་རས་གཟིགས་སུ་གསལ་བ་ཡི། །ཐུགས་ཀའི་འོད་ཀྱིས་སྣོད་བཅུད་སྐྱོན་སྤྱངས་ཏེ། །སྣང་གྲག་རིག་གསུམ་འཕགས་པའི་གསང་གསུམ་དུ། །འཁྱེར་བའི་རྣལ་འབྱོར་མཆོག་ལ་གནས་པར་གྱུར། །ༀ་མ་ཎི་པདྨེ་ཧཱུྂ། བརྒྱ་སྟོང་བཟླ། འདིས་མཚོན་རང་གཞན་དུས་གསུམ་དགེ་བའི་མཐུས། །བླ་མ་སྤྱན་རས་གཟིགས་ཀྱིས་རྗེས་བཟུང་སྟེ། །སྡུག་བསྔལ་གསུམ་གྱིས་མནར་བའི་འགྲོ་བ་རྣམས། །འདྲེན་པའི་དེད་དཔོན་ཆེན་པོར་བདག་གྱུར་ཅིག །བདག་སོགས་ཚེ་འདིའི་སྣང་བ་འགགས་མ་ཐག །འོད་དཔག་མེད་མགོན་ཐུགས་རྗེའི་ལྕགས་ཀྱུ་ཡིས། །ཉེར་དྲངས་བདེ་བ་ཅན་དུ་པདྨ་ལས། །སྐྱེས་ནས་བྱང་ཆུབ་ལུང་བསྟན་འཐོབ་པར་ཤོག །གནས་སྐབས་ཚེ་རིང་ནད་མེད་ལུས་སེམས་བདེ། །ཆོས་མིན་བསམ་སྦྱོར་ངན་པ་མི་སྐྱེ་ཞིང༌། །ཆོས་འབྱོར་བདེ་དགེས་རྟག་ཏུ་འཚོ་བ་སོགས། །བདེ་སྐྱིད་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག །ཅེས་པ་འདི་ཡང་དགེ་སློང་དྷརྨ་བྷ་དྲས་བྲིས་པས་ཕན་ཐོགས་པར་གྱུར་ཅིག །ཚེ་འདས་སྟག་ལྷའི་ཆེད་དུ་བཞེངས། །རྫོགས་སོ། །གོང་གི་“སྣང་གྲག་རིག་གསུམ”ཞེས་པ་ནི་ཐ་མལ་པའི་གཟུགས་དང་སྒྲ་དང་ཤེས་པ་གསུམ་ལ་ཟེར། འགྲེལ་བཤད་ཞིབ་པར་ཁྱེར་སོ་གསུམ་གྱི་རྣལ་འབྱོར་ཞེས་པའི་ཐད་དུ་གཟིགས། དོགས་གཅོད། དེང་སང་མང་པོ་ཞིག་གིས། མ་ཎི་འདོན་སྐབས་ༀ་མ་ཎི་པདྨེ་ཧཱུྂ་ཧྲཱིཿ། ཞེས་མ་ཎིའི་མཇུག་ཏུ་ཧྲཱིཿསྦྱོར་བ་དེ་འཐད་དམ་མི་འཐད་ཅེ་ན། བུ་སྟོན་རིན་ཆེན་གྲུབ་ཀྱིས་མི་འཐད་པར་གསུངས་ཏེ། བུ་སྟོན་རིན་པོ་ཆེའི་སྔགས་ལོག་སུན་འབྱིན་༡༣བ༦ལས། སྤྱན་རས་གཟིགས་དབང་སྙིང་པོ་ཡིག་དྲུག་ལ། །ཧྲཱིཿབསྣན་བདུན་དུ་སྒྲོག་པ་སྔགས་ལོག་བརྩམས། །ཞེས་འདི་སྔགས་ལོག་ཡིན་པར་གསལ་བར་གསུངས་ཤིང་། དེའི་འཕྲོ་ཉིད་ལས། གཞན་ཡང་ཁོ་ཡི་འདོད་པ་ལ། །མ་ཎི་པད་མེ་ཡིག་དྲུག་ལ། །ཧྲཱིཿབསྣན་པ་ལ་སྐྱོན་མེད་དེ། །ཧྲཱིཿའདི་ཐུགས་རྗེ་ཆེན་པོ་ཡི། །ས་བོན་ཡིན་པས་བསྣན་ནོ་ཟེར། །འདི་ཡང་འཐད་པ་མ་ཡིན་ཏེ། །ཟ་མ་ཏོག་གི་མདོ་ལས་ཀྱང་། །ཡི་གེ་དྲུག་པ་ཉིད་དུ་བཤད། །སངས་རྒྱས་ལ་ནི་ཁོ་མི་ལྷག །རྒྱ་གར་མཁས་པའང་འདི་ལྟར་བཞེད། །ༀ་མེད་པ་ལ་ༀ་བཅུག་དང་། །སྭཱ་ཧཱ་ཕཊ་ལ་སོགས་པ་ཀུན། །ཡོད་པ་ཆད་དང་ལྷག་གྱུར་ན། །སྔགས་ཀྱི་ནུས་པ་མེད་པར་གསུངས། །ཞེས་གསུངས་སོ། །གོང་གི་དེ་སྔགས་ལོག་སུན་འབྱིན་ཕྱོགས་བསྒྲིགས་བྱས་པ་ཞིག་ཏུ་བཞུགས་སོ། །