From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དྲི་བ་ལྷག་བསམ་རབ་དཀར
|
Tibetan Definition
|
འདི་རྗེ་ཙོང་ཁ་པ་ཆེན་པོའི་གསུང་ཡིན་མིན་ལ་དགེ་ལུགས་པའི་མཁས་པ་རྣམས་བཞེད་པ་མི་མཐུན་པ་ཡོད་དེ། པཎ་ཆེན་བྱམས་པ་གླིང་པ་སོགས་ཀྱིས་རྗེ་བདག་ཉིད་ཆེན་པོའི་གསུང་མིན་པར་བཤད་ཅིང༌། བསྟན་བཅོས་འདིའི་བར་སྐབས་ཤིག་ན། དེ་ལ་སྐྱག་གཏད་མི་འདུག་ཅེས་སོགས་ཕལ་སྐད་འགའ་ཞིག་ཀྱང་སྣང་ཞིང༌། ཚིག་གི་སྦྱོར་བའང་རྗེའི་གསུང་གཞན་གྱི་བབས་དང་མི་འདྲ་བ་དང༌། སྦྱར་བྱང་ན་མིང་གཞན་འཇམ་དབྱངས་བླ་མས་རྗེས་བཟུང་ཞེས་བྱ་བ་སུ་ལའང་མ་གྲགས་པའི་མཚན་བྲིས་པ་དང༌། རྗེའི་སློབ་མ་དང་ཡང་སློབ་རྣམས་ཀྱིས་རྗེ་ཐམས་ཅད་མཁྱེན་པའི་གསུང་འབུམ་གྱི་དཀར་ཆག་བཀོད་པ་རྣམས་སུ་མ་ཐེབས་འདུག་པས། ཐེ་ཚོམ་གྱི་གཞིར་སྣང་མོད། རང་གཞན་ཕལ་ཆེར་གྱིས་རྗེའི་གསུང་ཡིན་པར་བྱེད་ཅིང༌། དྲི་བ་རྣམས་བཀའ་བརྒྱུད་ཀྱི་སྒོམ་ཆེན་རྣམས་སུན་འབྱིན་དུ་གོ་ནས། འབྲུག་པ་པད་དཀར་སོགས་ཀྱིས་ལན་གྱི་ཡི་གེ་བརྩམས་པ་དང༌། ས་སྐྱའི་ཤཱཀྱ་མཆོག་ལྡན་པས་ཀྱང་བཀའ་བརྒྱུད་པའི་མགོན་སྐྱབས་དཔུང་གཉེན་བྱས་པའི་ལུགས་ཀྱིས་ཚིག་དོན་གཙོ་བོར་བྱས་པའི་ལན་གྱི་ཡི་གེ་ཞིག་བྲིས་འདུག་ལ། རང་ཕྱོགས་ནས་སྒོམ་ཆེན་ངག་དབང་བ་དང༌། ཁྱད་པར་དུ་པཎ་ཆེན་ཐམས་ཅད་མཁྱེན་པས་དྲིས་ལན་བློ་བཟང་བཞད་པའི་སྒྲ་དབྱངས་མཛད་ནས་རྗེའི་གསུང་ཡིན་པ་གཞིར་བཞག་མཛད་འདུག་པས་མཐའ་གཅིག་ཏུ་ཁ་ཚོན་གཅོད་དཀའ་བར་སྣང་ངོ༌། །ཞེས་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་གསུངས་ཤིང༌། དཔའ་བོ་གཙུག་ལག་ཕྲེང་བས་ནི་འདི་རྗེའི་གསུང་ཡིན་པ་གཞིར་བཞག་མཛད་འདུག་པ་འདི་ལྟར། རྗེ་ཙོང་ཁ་པ་དགེ་བའི་བཤེས་གཉེན་མཁས་ཤིང་བཙུན་པ་སྒྲུབ་རྒྱུད་ལ་མཆོག་ཏུ་མོས་པས་འབྲི་གདན་སྟག་ལུང་པ་འབའ་ར་བ་སོགས་བཀའ་བརྒྱུད་ཀྱི་བླ་མ་དུ་མ་ལ་ཆོས་ཕལ་ཆེར་གསན་པ་ཡིན་ཡང༌། ཕྱིས་རི་ཁྲོད་ཤིན་ཏུ་དབེན་པ་ཅིག་ན་བཀའ་བརྒྱུད་ཀྱི་སྒྲུབ་པ་པོ་ལྔ་བཅུར་ཉེ་བ་མཚམས་འབའ་ཞིག་ལ་གནས་པ་ཡོད་པར་གསན་ནས་མཇལ་དུ་བྱོན། དྲི་བ་མཛད་པས་ཆོས་ཀྱི་གོ་བ་ཅུང་ཟད་ཀྱང་མེད་པའི་ལུག་རྫི་རི་ལ་བསྡད་པ་ལྟ་བུ་ཞིག་འདུག་པས་ཐུགས་འབྱུང་ཐུགས་སྐྱོ་སྟེ་ད་ནི་འདི་རིགས་ཐམས་ཅད་འདི་འདྲ་བ་ཡིན་ཡོད་པར་འདུག་དགོངས་པ་ཡང་ཤར། བསྟན་པ་ལ་མ་བཟོད་པའི་ཐུགས་ཀྱང་ཤར་བས་དྲི་བ་ལྷག་བསམ་རབ་དཀར་ལ་སོགས་པ་མཛད། ཅེས་ཆོས་འབྱུང་མཁས་པའི་དགའ་སྟོན་སྨད་ཆ་༡༡༥༥ལས་གསུངས་སོ། །འདི་རྗེའི་སློབ་མ་ཞིག་གིས་ཟིན་བྲིས་སུ་བཏབ་པ་ཞིག་ཡིན་སྲིད་པ་ལས། རྗེ་ཙོང་ཁ་པ་ཆེན་པོས་དངོས་སུ་ཕྱག་བསྟར་ནས་བྲིས་པ་ནི་མིན་པར་ངེས། གང་ལྟར་ཡང་འདི་ཆགས་སྡང་གིས་ཡིད་བསྐྱོད་པའི་དེང་སང་གི་དགག་པ་དང་དགག་ལན་སོགས་དང་མི་འདྲ་བར་བསྟན་པ་ལ་དག་ཐེར་དུ་བསམས་ནས་གཟུ་བོར་གནས་པའི་བློས་རྟོག་དཔྱོད་མཛད་པའི་ལེགས་བཤད་རྨད་དུ་བྱུང་བ་ཞིག་ཏུ་སྣང་བས། གལ་ཏེ་རང་ཉིད་རིགས་པ་སྨྲ་བ་དང་གཟུ་བོར་གནས་པར་ཁས་འཆེས་པ་ཞིག་ཡིན་ན་ནི་འདི་ལ་འཁང་ར་བྱེད་རྒྱུའི་ཚབ་ཏུ་རྗེས་སུ་ཡི་རངས་དགོས་རྒྱུ་དང༌། འདི་ནས་བཤད་པའི་ཉམས་ལེན་གྱི་གནད་ཕྲ་མོ་རྣམས་ལ་བསམ་ཞིབ་ནན་ཏན་མཛད་དེ་ཅིས་ཀྱང་བསྟེན་ཅིང་གཅེས་སྤྲས་སུ་བྱ་བར་རིགས་སོ། །རྒྱུ་མཚན་དེ་འདྲ་ལ་བསམས་ནས་འགལ་བའི་ཁུར་ཆེན་བཅོ་བརྒྱད་དུ་གྲགས་པ་ཡང་ཁོ་བོས་ཚིག་མཛོད་འདིར་འགོད་འཇུག་བྱས་ཡོད། རང་ཕྱོགས་ནས་དྲི་བ་ལྷག་བསམ་རབ་དཀར་གྱི་དྲིས་ལན་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་དྲིས་ལན་བློ་བཟང་བཞད་པའི་སྒྲ་དབྱངས་དང་། དྭགས་པོ་ངག་དབང་གྲགས་པའི་དྲི་བ་ལྷག་བསམ་རབ་དཀར་གྱི་དྲིས་ལན་ལེ་ཚན་དང་པོ་སུམ་ཅུ་སོ་གཉིས་ལྡན་པ་སོགས་སོ། །འདི་རྗེའི་གསུང་ཐོར་བུ་༧༢བ༥ན་བཞུགས་སོ། །
|