402

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁ་འབབ་རྣམ་བཞི
Tibetan Definition གངས་ཏེ་སེའི་ཕྱོགས་བཞི་ནས་འབབ་པའི་ཆུ་བོ་བཞི་སྟེ། ༡ ཤར་ཕྱོགས་གླང་ཆེན་ཁ་ནས་གངྒཱ་འབབ། ༢ ལྷོ་ཕྱོགས་ནས་རྨ་བྱའི་ཁ་ནས་སིནྡྷུ་འབབ། ༣ ནུབ་ཕྱོགས་རྟ་ཡི་ཁ་ནས་པཀྵུ་འབབ། (འདི་ལ་ཆུ་བོ་ཡ་མུ་ན་དང་། བོད་སྐད་དུ་ཡར་ཀླུངས་གཙང་པོའང་ཟེར) ༤ བྱང་ཕྱོགས་སེངྒེའི་ཁ་ནས་སཱི་ཏཱ་འབབ་པ་བཅས་སོ། །དང་པོ་ཤར་ཕྱོགས་གླང་ཆེན་ཁ་འབབ་ནི། སྟོད་མདའ་པ་དང་། མཐོ་ལིང་སོགས་ནས་ཁུ་ནུའི་གཞུང་བརྒྱུད་རྒྱ་གར་ནང་རཱམ་པུར། མ་དྷི་ཨ་ནར། པན་འཇབ་སོགས་སུ་ཆུ་བོ་སུ་ཀྲ་ལེ་ཇེ་ཟེར། གཉིས་པ་ལྷ་ཕྱོགས་ནས་རྨ་བྱ་ཁ་འབབ་ནི། སྤུ་ཧྲེང་ཕྱོགས་ནས། རྒྱ་གར་ཨུཏྟར་པྲ་དེ་ཤ་བརྒྱུད་ཕྱི་ནང་གཉིས་ཀས་རྩ་ཆེར་འཛིན་པ་ཆུ་བོ་གངྒཱའམ། གྷན་ཇི་འབབ། གསུམ་པ་ནུབ་ཕྱོགས་ནས་རྟ་མཆོག་ཁ་འབབ་ནི། གཙང་གི་གཞུང་བརྒྱུད། དབུས་ཀྱི་སྐྱིད་ཆུ་དང་ཟླ་བསྒྲིལ་གྱིས་དྭགས་ཀོང་ནས་གནམ་ལྕགས་འབར་བའི་རི་བོར་གཡས་སྐོར་གྱིས་ཀློ་ཡུལ་བརྒྱུད་རྒྱ་གར་ཤར་ཕྱོགས་ཨ་སམ་དང་། འབང་ལེ་དེ་ཤ་སོགས་བརྒྱུད་རྒྱ་མཚོར་འབབ་པ་བྷྲ་མ་པུ་ཏྲ་དང་། བཞི་པ་བྱང་ཕྱོགས་སེངྒེ་ཁ་འབབ་ནི། སྟོད་སྒར་དང་། ལ་དྭགས་ནས་ཀསྨིར་དང་། པ་ཀིསྠན་བརྒྱུད་འབབ་པ་ཆུ་བོ་ཨིན་དྷུ། དབུས་ཀྱི་བྱང་བརྒྱུད་ནས་ཆུ་བོ་རྒྱ་མོ་སྔོ་ཆུ་མདོ་སྟོད་བརྒྱུད་བྷྲ་མའི་ནང་སིལ་ཝན་ཞེས་དང་། ཡང་རྫ་ཆུ་དང་། ངོམ་ཆུ་གཉིས་མདོ་སྟོད་ཆབ་མདོར་ཟླ་བསྒྲིལ་གྱིས་རྨར་ཁམས་དང་། འབའ་བརྒྱུད་ཐའི་དང་། ལའོ་སེ། ཀམ་པོ་ཀྲི་ཡ་སོགས་སུ་འབབ་པ་ཆུ་བོ་མེ་ཀོང་ཟེར་བ་བཅས་སོ། །དཔྱད་པར་བྱ་བ་ཞིག་ལ། བོད་རྒྱ་ཚིག་མཛོད་ཆེན་མོར། གངྒཱ་ཤར་ཕྱོགས་གླང་ཆེན་གྱི་ཁ་ནས་འབབ་པར་བཤད་ལ། ཞྭ་སྒབ་པའི་རྒྱལ་རབས་ནང་། གངྒཱ་དེ་བཞིན་ལྷོ་ཕྱོགས་རྨ་བྱའི་ཁ་ནས་འབབ་པར་བཤད་པའི་བཤད་ཚུལ་མི་འདྲ་བ་གཉིས་འདུག་པས་དཔྱད་པར་འོས་སོ། །མངོན་བརྗོད་མཁས་པའི་རྣ་རྒྱན་༤༦ལས་ནི། ཆུ་བོ་བཞི་པོ་འབབ་པའི་ཕྱོགས་ནི་བོད་རྒྱ་ཚིག་མཛོད་ཆེན་མོར་གསུངས་པ་ལྟར་གསལ་ལོ། །གཞན་ཡང་གངྒཱའི་ཆུ་འགོ་བོད་ཀྱི་ཡིག་ཆ་ཕལ་ཆེ་བ་དང་། རིག་བྱེད་ཀྱི་གཞུང་ནས་གངས་ཏེ་སེ་ནས་འབྱུང་བར་བཤད་པ་དང་། ཡང་རྒྱ་གར་བ་དག་གིས། ཧི་མ་ལ་ཡའི་རི་བརྒྱུད་ “གར་བར་གངྒུ་ཏྲི” ལས་འབྱུང་བར་བཤད་པའི་ཚུལ་གཉིས་ཡོད་པ། ཞྭ་སྒབ་པའི་རྒྱལ་རབས་དེབ་དང་པོ་༢༤ན་གསལ་ལོ། །ཡང་། ཆུ་བོ་ཆེན་པོ་བཞི་པོ་འདི་དག་མཚོ་མ་དྲོས་པའམ་ཡོངས་གྲགས་སུ་མ་ཕམ་གཡུ་མཚོར་གྲགས་པ་དེའི་ཤར་ནས་ནི་གངྒཱ། ལྷོ་ཕྱོགས་ནས་པཀྵུ། ནུབ་ནས་ནི་སིནྡྷུ། བྱང་ནས་ནི་སཱི་ཏཱ་འབབ་པར་བཅོམ་ལྡན་འདས་ཡོན་ཏན་རིན་པོ་ཆེ་སྡུད་པའི་ཚིགས་སུ་བཅད་པའི་དཀའ་འགྲེལ་ལས་བཤད་དོ། །