4025

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲི་མ་ཆོས་ཀྱི་དབྱིངས་སུ་ཟད་པ
Tibetan Definition སྤྲིན་ནམ་མཁའ་ལ་ཡལ་བ་ན། ནམ་མཁའ་ལས་ལོགས་སུ་ཟད་ཆ་མེད་པ་ལྟར། སྒྲིབ་པ་ཆོས་དབྱིངས་སུ་ཟད་པའི་ཆ་ཡང་ཆོས་དབྱིངས་ལས་གཞན་མེད་དོ། །ཞེས་གསུངས་སོ། །ཞེས་རྗེ་གུང་ཐང་པའི་སྐབས་དང་པོའི་མཆན་འགྲེལ་ལས་གསུངས་པ་ལྟར་རོ། །གཞན་ཡང་གསང་བསྐྱེད་མི་བསྐྱོད་ཞལ་ལུང་ལས། སངས་རྒྱས་པ་ན་རང་བཞིན་རྣམ་དག་དང༌། དྲི་མ་དང་བྲལ་བའི་གློ་བུར་རྣམ་དག་གཉིས་འདྲེས་ནས་སེམས་ཀྱི་ངོ་བོས་རང་བཞིན་ཆོས་ཉིད་ལ་སླར་མི་ལྡང་བའི་ཚུལ་གྱིས་སྙོམས་པར་ཞུགས་པས་ཉོན་མོངས་ཆོས་དབྱིངས་སུ་ཟད་པ་འགོག་བདེན་ལ་འཇོག་པའང་འདི་ལ་ཐུག་སྟེ། སྤྲིན་ནམ་མཁའ་ལ་ཟད་པ་ན་དགག་བྱ་ཐོག་རེག་བཀག་ཙམ་གྱི་སྟོང་སང་ལས་གཞན་མེད་པར་དྲི་མ་ཆོས་དབྱིངས་སུ་ཟད་པ་ན་ཆོས་ཉིད་ལས་ཟད་ཆ་གཞན་མེད་པས་སོ། །ཞེས་གསུངས། རྗེའི་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་ལས། མཐའ་དག་འཛིན་པས་ནམ་ཡང་མི་རྫི་ཞིང་། །མ་ལུས་འཁྲུལ་སྣང་འཇོམས་ལ་ཐོགས་མེད་པའི། །ཏིང་འཛིན་ཀུན་གྱི་གཙོ་བོར་གྱུར་པ་གང་། །རྡོ་རྗེ་ལྟ་བུར་གྲགས་པའི་ཏིང་ངེ་འཛིན། །ཁྱོད་ཀྱིས་མངོན་དུ་མཛད་པ་དེ་ཡིས་མཐུས། །སྒྱུ་མ་ལྟ་བུའི་ཡུལ་གྱི་སྣང་བ་དང་། །རྨི་ལམ་ལྟ་བུའི་གསལ་ཞིང་རིག་པའི་བློ། །མྱོང་སྣང་མ་ལུས་ཆོས་ཀྱི་དབྱིངས་སུ་ཞུགས།། དེ་ཕྱིར་རྩ་བ་ཉམས་པ་ལྗོན་ཤིང་བཞིན། །མ་ལུས་འཛིན་པའི་ས་བོན་དྲུངས་ཕྱུང་བས། །སྐྱོབ་པ་ཁྱོད་ལ་ནམ་མཁའ་ཇི་སྲིད་དུ། །ཆོས་ཀྱི་སྐུ་ལས་གཡོ་བ་ག་ལ་ཞིག། ཅེས་གསུངས་པ་འདི་ཡང་དེ་དང་ཕྱོགས་འདྲ་བར་སེམས་སོ། །