From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ནང་པ་སངས་རྒྱས་པའི་བསྟན་བཅོས་རྣམ་དག
|
Tibetan Definition
|
འཆོས་སྐྱོབས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་རིགས་སུ་གནས་པའི་ངག་རྣམ་དག་དེ། ནང་པ་སངས་རྒྱས་པའི་བསྟན་བཅོས་རྣམ་དག་གི་མཚན་ཉིད། རིགས་གནས་སྨོས་པ་ལ་དགོས་པ་ཡོད་དེ། སྒྲའི་བསྟན་བཅོས་ཀ་ལཱ་པ་དེ་ནང་པ་སངས་རྒྱས་པའི་བསྟན་བཅོས་རྣམ་དག་ཏུ་བསྡུ་བར་བྱ་བའི་ཆེད་ཡིན་པའི་ཕྱིར། ཤཱསྟྲའི་ངེས་ཚིག་ནི། བུ་སྟོན་ཆོས་འབྱུང་ལས། སཾ་སྐྲྀ་ཏ་ལས་ཤཱསྟྲ་ཞེས་པའི་ཤཱ་ས་ན་ཞེས་པ་འཆོས་པ་སྟེ། རྒྱུ་ཉོན་མོངས་པ་དུག་གསུམ་ལས་བསླབ་པ་གསུམ་ལྡན་དུ་འཆོས་པ་དང་། ཏཱ་ཡི་ཞེས་པའམ་ཏ་ར་ཎ་ཞེས་པ་སྐྱོབ་པ་སྟེ། འབྲས་བུ་ངན་འགྲོ་དང་སྲིད་པའི་སྡུག་བསྔལ་ལས་སྐྱོབ་པ་སྟེ། ངེས་ཚིག་འདི་བཀའ་ལའང་གནས་སོ། །ཞེས་གསུངས། སྒྲ་བཤད་ནི། སློབ་དཔོན་གྱིས་ཆོས་བསྟན་ནས་སློབ་མའི་རྒྱུད་བཅོས་པས་ན་བསྟན་བཅོས་ཞེས་བྱའོ། །ཞེས་མཁས་པ་འགའ་གསུང་ངོ་། །སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་སྤྱི་དོན་རོལ་མཚོ་ལས། བསྟན་བཅོས་མངོན་རྟོགས་རྒྱན་ཆོས་ཅན། ཁྱོད་ལ་བསྟན་བཅོས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གདུལ་བྱའི་ཤེས་རྒྱུད་ཉོན་མོངས་པའི་དགྲ་ལས་འཆོས་ཤིང་། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་པར་བྱེད་པའི་འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། དེ་ལྟར་ཡང་རྣམ་བཤད་རིགས་པ་ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོའི་སྲིད་ལས་སྐྱོབ་བྱེད་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་གསུངས་པའི་ཕྱིར། ཞེས་གསུངས་པ་ལྟར་རོ། །ཡིག་ཆ་འགར་བཀའ་དང་བསྟན་བཅོས་འགལ་ཟེར་ཡང་། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་སྐབས་དང་པོའི་སྤྱི་དོན་རོལ་མཚོར་མི་འགལ་བར་གསུངས་ཏེ། དེ་ཉིད་ལས། བཀའ་དང་བསྟན་བཅོས་གཉིས་སུ་ཕྱེ་བའི་བཀའ་དང་བསྟན་བཅོས་འགལ་ཡང་། སྤྱིར་བཀའ་དང་བསྟན་བཅོས་མི་འགལ་ཏེ། བཀའ་ཡིན་ན་བསྟན་བཅོས་ཡིན་དགོས་པའི་ཕྱིར་ཏེ། བཀའ་བསྟན་བཅོས་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་ལྷུར་ལེན་པའི་བསྟན་བཅོས་ཡིན་པའི་ཕྱིར་ཏེ། གཏན་ལ་དབབ་པ་བསྡུ་བ་ལས། དེ་ལ་སྒྲུབ་པ་ལྷུར་ལེན་པའི་བསྟན་བཅོས་གང་ཞེ་ན། འདི་ལྟ་སྟེ། རྒྱལ་བའི་བཀའ་ཉིད་དོ། །ཞེས་གསུངས་པའི་ཕྱིར། ཞེས་དང་། གཞན་ཡང་། འདུལ་བ་ལུང་རྣམ་འབྱེད་ལས་གླེགས་བམ་དང་པོའི་ཤོག་གྲངས་གཉིས་པ་ལས། རྒྱལ་བ་སྟོན་པ་དེ་ཡི་བསྟན་བཅོས་དག །མདོ་དང་ཆོས་མངོན་ཡིན་གསུངས་འདུལ་བ་ནི། །སྟོན་དང་བསྟན་བཅོས་དངོས་ཡིན་དེ་ཡི་ཕྱིར། །ཞེས་སངས་རྒྱས་ཀྱིས་གསུངས་པའི་ཆོས་འདུལ་བ་བསྟན་བཅོས་དངོས་ཡིན་པ་གསལ་བར་གསུངས་པའི་ཕྱིར་རོ། །རྣམ་བཤད་རིགས་པར་བུ་སྟོན་ཆོས་འབྱུང་དུ་དྲངས་པ་ལས་ཀྱང་། སངས་རྒྱས་ཀྱི་གསུང་བསྟན་བཅོས་ཀྱི་མཚན་ཉིད་དུ་འཐད་པའི་ཕྱིར་རོ། །ཞེས་སོགས་མང་དུ་ཡོད་དོ། །
|