From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ནན་ཏུར
|
Tibetan Definition
|
(འདུལ་བ) 1 སྨད་པ་དང་འོག་ཏུ་བཞག་པའི་འདུལ་བའི་ཆད་ལས་ཤིག ༼ ནན་ཏུར་གྱི་མཚན་ཉིད་ནི ༽མི་འདོད་བཞིན་དུ་ལས་ཀྱིས་ཆད་པར་བཅས་པ་ལ་མཇུག་བཟོད་པ་གསོལ་དགོས་རུང་དུ་ཡོད་པའོ། །རྣམ་བཅད་ནི་མི་འདོད་བཞིན་དུ་ཞེས་པས་ངོ་བོ་ཉིད་འཚོལ་བ་སེལ་ལོ། །ལས་ཀྱིས་ཞེས་པས་ནི། ལས་ཀྱི་ཆོ་ག་མེད་པར་གནས་ཀྱི་བླ་མས་སློབ་མ་ལ་ཆད་པ་ལྔ་བྱ་བར་གསུངས་པ་དེ་དག་སེལ་ལོ། །ཆད་པར་བཅས་ཞེས་པས་གྲངས་སུ་གཞུག་པ་བཞི་སེལ་ལོ། །མཇུག་བཟོད་པ་གསོལ་དགོས་རུང་ཞེས་པས་ནན་ཏུར་གཞན་སྟོབས་ཀྱིས་གྲོལ་བ་ལ་མ་ཁྱབ་པའི་སྐྱོན་སེལ་ལོ། །༼ ནན་ཏུར་གང་ལ་བྱེད་པ་ནི ༽ ལྟུང་བ་ཕྱིར་བཅོས་བྱེད་པའི་ཚེ། རང་མི་སྤྲོ་ན་ནན་ཏུར་རམ་ཆད་ལས་ཀྱི་སྒོ་ནས་ཕྱིར་བཅོས་བྱེད་དགོས་པར་གསུངས་སོ། །སྤྲོ་བ་ནི་མཐོལ་བཤགས་སོགས་ཀྱི་སྒོ་ནས་དག་པ་སྒྲུབ་པར། མཚོ་ཊཱིཀ་སོགས་སུ་གསུངས་སོ། །༼ ནན་ཏུར་གྱི་དབྱེ་བ་ནི ༽ བཅོམ་ལྡན་འདས་ཀྱིས་ལུང་ལས་དངོས་སུ་གསུངས་པ་ནི་བཅོ་ལྔ་སྟེ། ༡ བསྡིགས་པ་ནན་ཏུར། ༢ སྨད་པ་ནན་ཏུར། ༣ བསྐྲད་པ་ནན་ཏུར། ༤ ཕྱིར་འགྱེད་ནན་ཏུར། གནས་ནས་དབྱུང་བ་བདུན་ནི། ༥ མ་མཐོང་བ་གནས་ནས་དབྱུང་བ་དང། ༦ ཕྱིར་མི་འཆོས་པ་དང། ༧ སྡིག་ལྟ་མི་གཏོང་བ་དང། ༨ འཐབ་ཀྲོལ་ལ་འབད་པས་མ་ལོག་པ་དང། ༩ རྣམ་པར་གཏན་ལ་འབེབས་པ་ལས་གྱུར་པ་ཉེ་བར་མ་ཞི་བ་དང། ༡༠ འཐབ་ཀྲོལ་གྱི་རྒྱུ་ཉེ་བར་སྒྲུབ་པ་དང། ༡༡ དགེ་སློང་མ་རྣམས་དང་འདྲེ་ཞིང་གནས་པ་གནས་དབྱུང་བའོ། །༡༢ གསོ་སྦྱོང་བཞག་པས་ནན་ཏུར། ༡༣ དགག་དབྱེ་བཞག་པའི་ནན་ཏུར། ༡༤ བསྙིལ་བ་ནི་དགེ་ཚུལ་ཕ་དང་དགེ་ཚུལ་མ་བསྙིལ་བ་ལུང་ལས་དངོས་སུ་གསུངས་སོ། །༡༥ ཁྱིམ་པ་ལ་ལྷུང་བཟེད་ཁ་སྦུབ་པའི་ནན་ཏུར་དང་བཅོ་ལྔའོ། །བཅོམ་ལྡན་འདས་ཀྱིས་དངོས་སུ་གསུངས་པའི་ནན་ཏུར་བཅོ་ལྔ་སྟེ། དེའང་བསྡིགས་པ་ནན་ཏུར་ནི། འཐབ་ཀྲོལ་བྱེད་པ་ལ་ལས་ཀྱིས་བསྡིགས་པ་སྟེ། དེའང་མི་འདོད་བཞིན་དུ་གསོལ་བཞིའི་ལས་བྱས་ཏེ་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤང་དགོས་པ་ཆད་ལས་སུ་བཀལ་ཞིང། དེས་ཀྱང་མ་དུལ་ན་གནས་ནས་འབྱིན་ (མདོར་བསྡུས་སྦྱར་བའི་གནས་ནས་དབྱུང་བ་གསུམ་ཡང་བགྲངས་ན་ནན་ཏུར་བཅོ་བརྒྱད་ཡོད་ཀྱང) པས་བསྡིགས་པའོ། །སྨད་པ་ནན་ཏུར་ནི་དགེ་འདུན་ལྷག་མའི་ལྟུང་བ་ཕྱིར་མི་འཆོས་པར་རྒྱུན་དུ་བྱེད་པ་ལ་གཉེན་པོ་ཆུང་བའི་སྒོ་ནས་སྨད་པའོ། །བསྐྲད་པ་ནན་ཏུར་ནི། ཁྱིམ་པ་སུན་འབྱིན་པ་དེ་སུན་ཕྱུང་བའི་གནས་དེ་ནས་ཕྱིར་བསྐྲད་པའོ། །ཕྱིར་འགྱེད་ནན་ཏུར་ནི། ཁྱིམ་པ་ལ་སོགས་པ་བརྙས་ཐབས་བྱེད་པ་ལ་མཛའ་གཅུགས་ཀྱི་དངོས་པོ་ས་བསྐྱངས་པས་སྒོ་ནས་ཕྱིར་འགྱེད་པའོ། །གནས་ནས་དབྱུང་བ་བདུན་ནི། མ་མཐོང་བ་གནས་ནས་དབྱུང་བ་དང། ཕྱིར་མི་འཆོས་པ་དང། སྡིག་ལྟ་མི་གཏོང་བ་དང། འཐབ་ཀྲོལ་ལ་འབད་པས་མ་ལོག་པ་དང། རྣམ་པར་གཏན་ལ་འབེབས་པ་ལས་གྱུར་པ་ཉེ་བར་མ་ཞི་བ་དང། འཐབ་ཀྲོལ་གྱི་རྒྱུ་ཉེ་བར་སྒྲུབ་པ་དང། དགེ་སློང་མ་རྣམས་དང་འདྲེ་ཞིང་གནས་པ་གནས་དབྱུང་བའོ། །གསོ་སྦྱོང་བཞག་པས་ནན་ཏུར་ནི། གདམས་དག་བཞག་པས་མ་དུལ་བ་ལ་དེ་དགེ་འདུན་དང་ལྷན་ཅིག་ཏུ་གསོ་སྦྱོང་བྱེད་དུ་མི་འཇུག་པའོ། །དགག་དབྱེ་བཞག་པའི་ནན་ཏུར་ནི། གསོ་སྦྱོང་བཞག་འཐབ་ཀྲོལ་དངོས་སུ་མི་བྱེད་ཀྱང་། པས་མ་དུལ་བ་ལ་དགེ་འདུན་དང་ལྷན་ཅིག་ཏུ་དགག་དབྱེ་བྱེད་དུ་མི་འཇུག་པའོ། །བསྙིལ་བ་ནི་དགེ་ཚུལ་ཕ་དང་དགེ་ཚུལ་མ་བསྙིལ་བ་ལུང་ལས་དངོས་སུ་གསུངས་སོ། །ཁྱིམ་པ་ལ་ལྷུང་བཟེད་ཁ་སྦུབ་པ་ནི། ཁྱིམ་པས་རབ་ཏུ་བྱུང་བ་ལ་གཤེ་སྐུར་འདེབས་ན་གསོལ་བ་འབའ་ཞིག་གི་ལས་བྱ་སྟེ། དེ་ལ་རབ་བྱུང་རྣམས་ཀྱིས་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་བྱེད་པ་སྤང་བའོ། །གཞན་ཡང་། སློབ་དཔོན་ཡོན་ཏན་འོད་ཀྱི་མདོ་རྩ་བའི་རང་འགྲེལ་རང་གི་རྣམ་བཤད་ལས། ནན་ཏུར་ཞེས་བྱ་བ་ནི་འོག་ཏུ་གཞུག་ཅིང་བཤུང་བ་ཉིད་དུ་རྣམ་པར་གཞག་པ་ཞེས་བྱ་བའི་དོན་ཏོ། །ཡང་། རང་གི་རྣམ་བཤད་ལས། ནན་ཏུར་གྱི་ལས་ཞེས་བྱ་བ་ནི་འདི་ལྟ་སྟེ། བསྡིགས་པ་དང། སྨད་པ་དང། བསྐྲད་པ་དང། ཕྱིར་འགྱེད་པ་དང་མ་མཐོང་བས་གནས་ནས་དབྱུང་བ་དང། ཕྱིར་མི་འཆོས་པས་གནས་ནས་དབྱུང་བ་དང། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བས་གནས་ནས་དབྱུང་བ་དང། དབྱུང་བ་དག་ལ་ནི་བརྗོད་པ་གསུམ་མོ་ཞེས་བྱ་བ་ནི་ལས་ལན་གསུམ་དུ་བརྗོད་པའོ། །དེ་ལྟར་འདུལ་བའི་གཞུང་ལས་བགྲང་བ་དང། བཤུང་བ་བྱེད་པ་དང། ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིན་པ་དང། ཕྱག་མི་བྱ་བའི་བསླབ་པའི་སྡོམ་པ་སྦྱིན་པ་དང། རྩོད་པ་སྤོང་བར་བྱེད་པ་བསྐོ་བ་དང། བཟོད་པ་གསོལ་བ་ཞེས་བྱ་བའི་ལས་དྲུག་པོ་འདི་རྣམས་ལ་ལན་གསུམ་རྗོད་པར་བྱེད་པ་ཞེས་བྱ་བ་འདི་སྟོན་པར་བྱེད་པ་མཐོང་བར་བྱེད་པ་དེ་དག་ནི་འདིར་གསོལ་པ་དང་བཞིའི་ལས་སུ་མ་བྱས་སོ། །ཞེས་གསུངས། ༼ ནན་ཏུར་གྱི་བསྡུ་བ་ནི ༽ ཡུལ་གྱི་ཆ་ནས་བསྡུ་ན། རབ་ཏུ་བྱུང་བ་ལ་སྒྲུབ་པ་དང། ཁྱིམ་པ་ལ་སྒྲུབ་པ་གཉིས་སུ་འདུས་ལ། ཆོ་གའི་སྒོ་ནས་བསྡུ་ན། གསོལ་བཞིའི་ལས་ཀྱིས་སྒྲུབ་པ་དང། གསོལ་བ་འབའ་ཞིག་པའི་ལས་ཀྱིས་སྒྲུབ་པ་གཉིས་ཏེ། སྔ་མ་རྣམས་དང་ཐ་མ་གོ་རིམ་པ་ཞིན་ནོ། །ངོ་བོའི་ཆ་ནས་བསྡུ་ན་སྨད་པ་ནན་ཏུར་དང་སྤངས་པ་ནན་ཏུར་རྣམ་དག་གི་ལས་བཞག་པའི་ནན་ཏུར་དང་གསུམ་དུ་འདུས་ཏེ། སྨད་པ་ནི་སྔ་མ་བཞིའོ། །སྤངས་པ་ནི་གནས་དབྱུང་བདུན་དང་བསྙིལ་བ་དང་ལྷུང་བཟེད་ཁ་སྦུབ་པ་སྟེ་དགུའོ། །ཐ་མ་ནི་གོ་སྦྱོང་བཞག་པ་དང་དགག་དབྱེ་བཞག་པའོ། །ཞེས་གསུངས། ༼ ནན་ཏུར་གྱི་སྒྲ་བཤད་ནི ༽ནན་ཏུར་གྱི་སྒྲ་བཤད་པ་ནི་ཊཱི་ཀ་ལས་ནན་ཏུར་ཞེས་བྱ་བ་ནི་འོག་ཏུ་བཞག་ཅིང་བཤུང་བ་ཉིད་དུ་རྣམ་པར་བཞག་པ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བཤད་དོ། །ཞེས་གསུངས་པ་ལྟར་རོ། །རྒྱས་པར་མཚོ་ཊཱིཀ་སོགས་སུ་བལྟ་བར་བྱའོ། །2 ནན་ཏན། ནན་ཏར་དང་། ནན་ཏན། ནན་ཏུར་རྣམས་དོན་གཅིག མཁས་གྲུབ་ཆོས་རྗེས་མཛད་པའི་རྗེའི་གསང་བའི་རྣམ་ཐར་རིན་པོ་ཆེའི་སྙེ་མ་ལས། མདོར་ན་ཐ་སྙད་ཚད་མས་གྲུབ་པ་བཞག་ས་མེད་པར་འཁྲུལ་ལོ་ཙམ་ལ་བསྙད་ནས་གཞན་ངོར་འཇོག་པ་མ་གཏོགས། རང་ལུགས་ལ་གང་ཡང་བཞག་ས་མེད་པར་ལས་འབྲས་ལ་སྐུར་འདེབས་ཀྱི་ཆད་ལྟ་ཆེན་པོ་ལ་དབུ་མའི་ལྟ་བའི་མཆོག་ཏུ་འཛིན་པ་དེ་ཉིད་འགག་པའི་ཆེད་དུ། རྗེ་བཙུན་གྱིས་ནན་ཏུརཆེ་བར་མཛད་དོ། །ཞེས་གསུངས་པ་ལྟ་བུའོ། །
|