4209

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནཱ་རོ་དྲུག་སྐོར
Tibetan Definition འཕྲུལ་འཁོར་དྲུག་ཡང་ཟེར། དྲུག་ནི། བུམ་པ་ལྟར་བཀང་བ། འཁོར་ལོ་ལྟར་བསྐོར་བ། ལྕགས་ཀྱུ་ལྟར་དགུག་པ། རྡོ་རྗེ་བསྡམ་པའི་ཕྱག་རྒྱ་གནམ་དུ་འཕང་ཞིང་འོག་ཏུ་བསྐྱུར་བ། ཁྱི་མོ་ལྟར་སྐྱུག་སྟངས་ཀྱིས་མདའ་ལྟར་བསྲང་བ། མགོ་ལུས་ཚགས་ཚིགས་ཐམས་ཅད་ཕུར་ཞིང་གཡང་མོ་ལྟར་སྤྲུག་པ་དང་དྲུག་གོ། དང་པོ་བུམ་པ་ལྟར་བཀང་བ་ནི་ལྟེ་བའི་བུམ་པ་ཅན་ཡིན་པས། རྔུབ་དང་བཀང་དང་གཞིལ་བ་དང༌། །མདའ་ལྟར་འཕང་དང་རྣམ་པ་བཞི། །ཞེས་གསུངས་པ་ལྟར་མཚན་ཉིད་བཞི་ལྡན་དུ་བསྐྱང་དགོས་གསུངས་སོ། །དམིགས་པ་དངོས་ནི། ལག་པ་གཉིས་ཀྱི་མཐེབ་ཆེན་ནང་དུ་བཀུག་ནས་སྲིན་ལག་གི་རྩ་བར་བཞག་སྟེ་པུས་མོ་གཉིས་ལ་བཀལ། ཐད་ཀ་ནས་རླུང་དལ་ཞིང་རིང་བ་སྣ་སྒོ་གཉིས་ནས་ནང་དུ་རྔུབ་སྟེ་དབུ་མ་ནང་ནས་མར་སོང་བ། མཆིལ་མ་སྒྲ་མེད་ཅིག་མིད་པ་དང་མཉམ་དུ་ལྟེ་འོག་ཏུ་ཆིར་གྱིས་མནན། འོག་སྒོ་གཉིས་ནས་རླུང་ལྟེ་འོག་ཏུ་ཡར་དྲངས་ཏེ། དེ་ཁ་སྦྱོར་དུ་རླུང་ཐུབ་ཚད་བཟུང་ཞིང༌། མི་ཐུབ་ན་དབུ་མའི་ནང་ནས་ཡར་སོང་བའི་མོས་པ་བྱས་ཏེ་ཁ་ནས་མ་ཤོར་བར་སྣ་བུག་ནས་དལ་བུས་བཏང་བ་ནི་གོང་འོག་ཐམས་ཅད་ལ་འདྲ། འཕྲུལ་འཁོར་ཐམས་ཅད་ཀྱི་གཞི་མ་འདི་ཡི་སྟེང་ནས་བྱ་དགོས་སོ། །དེ་ལྟར་ཡུན་རིང་དུ་བསྒོམས་པས་བུམ་པ་ཅན་གྱི་རླུང་འབྱོང་བའི་ཚད་རབ་འབྲིང་ཐ་གསུམ་གང་བྱུང་འདུག་པ་སྐབས་སྐབས་སུ་ལྟ་འདོད་ན། གོང་ལྟར་རླུང་བཟུང་སྟེ། ལག་པ་གནས་གསུམ་ལ་རེག་པ་དང་ལན་གསུམ་མཉེ་བ་དང༌། སེ་གོལ་ལན་གསུམ་གཏོག་པ་རབ་བརྒྱ་དང་བརྒྱད། འབྲིང་དོན་གཉིས། ཐ་མ་སོ་དྲུག་གོ། དེ་གསུམ་གང་རུང་བྱུང་མཚམས་ནས་འབྱོང་རྐྱེན་པའི་ཕྱིར། ཤར་ཏེ་ལངས་ནས་འབེབས་ཆེན་དང༌། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་བྱ་སྟེ་དཔལ་འབེབས་སམ་བར་འབེབས། ༀ་ཧ་ཧོ་ཧྲཱིའི་སྒྲ་དང་བཅས་ཏེ་འབེབས་ཆུང་རྣམས་རིམ་བཞིན་བྱའོ། །གཉིས་པ་འཁོར་ལོ་ལྟར་བསྐོར་བ་ནི། རྐང་པ་སྐྱིལ་ཀྲུང་བྱས་པའི་རྐང་པ་གཡས་པའི་མཐེབ་ཆེན་ལག་པ་གཡས་པས་བཟུང༌། རྐང་པ་གཡོན་པའི་མཐེབ་ཆེན་ལག་པ་གཡོན་པས་བཟུང༌། རྐེད་པ་དྲང་པོར་བསྲང་ལ། ཕོ་བ་དང་རྐེད་པ་གཡས་སུ་ལན་གསུམ་བསྐོར། དེ་བཞིན་དུ་གཡོན་དུ་ཡང་བསྐོར། དེ་ནས་གཡོན་ནས་གཡས་སུ་ཀྱོག་པ་དང༌། གཡས་ནས་གཡོན་དུ་ཀྱོག་པ་དང༌། མདུན་ནས་རྒྱབ་ཏུ་འཕུལ་བ་རེ་དང༌། རྒྱབ་ནས་མདུན་དུ་འཕུལ་བ་རེ་བྱའོ། །དེ་ནས་འབེབས་ཆེན། བར་འབེབས། འབེབས་ཆུང་རྣམས་རིམ་བཞིན་བྱ་བའམ་དེ་གང་རུང་བྱ་དགོས་སོ། །གསུམ་པ་ལྕགས་ཀྱུ་ལྟར་དགུག་པ་ནི། ལག་པ་གཉིས་ཁུ་ཚུར་བཅིངས་ཏེ་སྙིང་ཁ་ནས་ཐད་ཀར་གཤིབ་ལ་ཤུགས་ཆེ་བར་བརྐྱང་ལ་དལ་བུས་ལག་གཉིས་འདོར་ལེན་གྱིས་རིམ་པ་བཞིན་དཔུང་མགོ་བར་དུ་བཀུག་སྟེ་གྲུ་མོ་གཡས་པ་མཆན་ཁུངས་གཡས་ལ་བརྡབ། གཡོན་པ་གཡོན་ལ་བརྡབ་བོ། །བཞི་པ་རྡོ་རྗེ་བསྡམ་པའི་ཕྱག་རྒྱ་གནམ་དུ་འཕང་ཞིང་འོག་ཏུ་བསྒྱུར་བ་ནི། པུས་མོ་གཉིས་ས་ལ་བཙུགས་ཏེ་མདའ་ལྟར་བསྲང༌། ལག་པ་གཉིས་ཀྱི་སོར་མོ་རྣམས་ཕན་ཚུན་བསྣོལ་ནས་རིམ་གྱིས་སྟེང་དུ་དྲང་ཞིང་འོག་ཏུ་བསྒྱུར་བའོ། །ཡང་འབེབས་གསུམ་གང་རུང་བྱའོ། །ལྔ་པ་ཁྱི་མོ་ལྟར་སྐྱུག་པ་ནི། ལུས་ཁ་སྦུབ་ཏུ་ས་ལ་ཉལ་ཐབས་སུ་བྱས། ལག་པ་གཉིས་མགོ་བོའི་ཐད་ཀ་ནས་རིང་དུ་བརྐྱང་པའི་བར་དུ་མགོ་བོ་བཅུག་ནས་ཁ་གནམ་ལ་ཕྱོགས་ཤིང་འོག་ཏུ་ཁྱི་མོ་ལྟར་ལན་གསུམ་སྐྱུག་སྟངས་བྱའོ། །ཡར་ཤར་ཏེ་ལངས་ནས་རྐང་པ་གཡས་པ་གཡས་དང༌། གཡོན་པ་གཡོན་ལ་ཤུགས་ཆེ་བར་སྤྲུག་པའོ། །ཡང་འབེབས་གསུམ་གང་རུང་བྱ། དྲུག་པ་གཡང་མོ་ལྟར་མགོ་ལུས་མེད་པར་སྤྲུག་པ་ནི། དཔུང་པ་གཡས་གཡོན་རེས་ཀྱི་ཤད་པར་བྱེད། ལག་པའི་སོར་མོ་ཕན་ཚུན་འཐེན་རེས་བྱེད། མགོ་དང་ལག་པ་རྣམས་འཁྲུ་བ་ལྟར་ལན་གསུམ་གསུམ་བྱེད། རྒྱབ་མདུན་རྣམས་ཤད་པར་བྱས་ནས་དངོས་གཞི་ལུག་ཆུ་ལ་བརྐྱལ་ནས་ངོས་སུ་ཕྱིན་པ་ན་མགོ་ལུས་མེད་པ་སྤྲུག་པ་ལྟར་ཤུགས་ཆེ་བར་ལུས་ཡོངས་རྫོགས་སྤྲུག རྐང་པ་ཕོངས་ལ་བརྡེག དེ་རྗེས་འབེབས་ཆེན། འབེབས་ཆུང༌། བར་འབེབས་རྣམས་རིམ་བཞིན་བྱེད་པ། ནཱ་རོ་དྲུག་སྐོར་གྱི་འཕྲུལ་འཁོར་གྱི་རིམ་པའོ། །