4210

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནཱ་རོ་པ
Tibetan Definition (ལེགས་སྦྱར) དུས་རབས་བཅུ་གཅིག་པའི་ནང་བྱུང་བའི་རྒྱ་གར་གྱི་ནང་པའི་གྲུབ་ཆེན་ཏཻ་ལོ་པའི་དངོས་སློབ། བོད་ཀྱི་མར་པ་ལོ་ཙཱ་བའི་བླ་མ་ཡིན་ཞིང་། མར་པ་ལོ་ཙཱ་ལ་བདེ་མཆོག་དང་ནཱ་རོ་ཆོས་དྲུག་སོགས་ཀྱི་གདམས་པ་གནང་། ཀསྨིར་རམ་ཁ་ཆེའི་ཡུལ་དུ་འཁྲུངས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བླ་མ་ཡང་ཡིན། ངེས་ཚིག་ནི། རོ་ག་རྩོད་པའམ་ཟླ་ཞེས་པའི་དོན་ཡིན་ལ། དེ་ལ་ནཱའི་དགག་ཚིག་སྦྱར་བས། ནཱ་རོ་པ་སྟེ་རྩོད་མེད་དམ་ཟླ་མེད་ཅེས་བྱའོ། །ཚིག་ཟུར་གྱི་པ་ནི་བོད་སྐད་ཀྱི་བདག་སྒྲའོ། །དཔེར་ན་ཀརྨ་པ། ཏཻ་ལོ་པ། མཻ་ཏྲི་པ་ཟེར་བ་སོགས་ཀྱིས་མཚོན་ནོ། །ཡང་བཤད་ཚུལ་གཞན་ཞིག་ལ། ནཱ་རོ་པ་རྩ་ཤད་པ་ཟེར་བའི་དོན་ཡིན་ཟེར་ཏེ། འདི་ལྟར། ཏཻ་ལོ་པས་ན་རོ་པ་ལ་རིག་མ་འཚོལ་ལ་སྟེན་ཅིག་གསུངས། རིག་མ་དེ་བླ་མ་ལ་ཕུལ་བས་འདིས་འདིའི་ཡིད་བཟུང་ངོ་གསུངས་ནས་ན་རོ་པའི་གསང་རྡོར་རྡོའི་བར་དུ་བརྡུངས་ཏེ་རྩའི་རྣལ་མ་ཆུ་འདོར་ཤེས་པ་ཙམ་ལས་མ་ལུས་པས་ནཱ་རོ་པ་སྟེ་རྩ་ཤད་པ་ཟེར་ཏེ། སྡོམ་པ་རྒྱ་མཚོའི་རྒྱུད་ལས། བཅོམ་ལྡན་རྩ་ཤད་ཕྱིར་མི་ལྡོག །ཅེས་ལུང་བསྟན་ཏོ་ཞེས་རྒྱུད་པ་འདི་བཞེད་ལ། རོ་ག་རྩོད་པ་ལ་དགག་པའི་ནཱ་སྔོན་དུ་བྱིན་ནས་ག་ཕྱིས་པས་ནཱ་རོ་སྟེ་རྩོད་མེད་ཡིན་ཞེས་ལོ་ཙཱ་བ་དུ་མས་བཞེད་དོ། །ཞེས་ཆོས་འབྱུང་མཁས་པའི་དགའ་སྟོན་སྟོད་ཆ་༧༦༨ན་གསལ་བ་ལྟར་རོ། །སྐྱོགས་སྟོན་ལོ་ཙཱའི་དག་ཡིག་ལི་ཤིའི་གུར་ཁང་དུ་འདི་རྩ་ཤད་ཀྱི་སྐད་དོད་ཡིན་པར་གསུངས། མི་ཤེས་པ་འགའ་ཞིག་གིས་ནཱ་རོ་པའི་ངེས་ཚིག་ལ། ཨ་ན་ན་བས་ན། ནཱ་དང་། བརྡུངས་ནས་རོ་ལྟར་སོང་བས་ན། རོ་ཟེར་བ་ཡིན་སོགས་ནི་བླུན་པོ་ངོ་མཚར་སྐྱེ་བའི་གཏམ་ཙམ་མོ། །ལི་ཤིའི་གུར་ཁང་ལས་ཀྱང་། ནཱ་རོ་པ་རྩ་ཤད་པའི་སྐད་དོད་ལ། ཨ་ན་ན་དང་རོ་རུ་སོང་ཞེས་པ་དང་། ཏཻ་ལོ་པ་ཏིལ་བརྡུང་ལ། ཏེ་ན་ཏེ་ཟེར་ལོ་ཞེས་མང་དུ་འཆད་སྣང་བ་ནི་བརྗོད་པའི་ལམ་ལས་འདས་པ་ལྟ་བུར་སྣང་མོད། ཤིན་ཏུ་མི་མཁས་པས་སྨྲས་པ་ནི་དགག་པར་ཡང་མི་ལྡང་ངོ་། །ཞེས་མཁས་པ་དག་གསུང་ཞིང་། ཞེས་གསུངས་སོ། །རྩ་ཤད་ནི། ལུས་ཀྱི་རྩའི་ཉག་མ་རིང་པོ་ལ་ཟེར་རོ། །མཚན་གྱི་རྣམ་གྲངས་ནི། ནཱ་རོ་ཏ་པ། སྙན་གྲགས་བཟང་པོ། ཡེ་ཤེས་དངོས་གྲུབ། འཇིགས་མེད་གྲགས་པ། དུས་འཁོར་ཞབས། ནཱ་རོ་པ། ཀུན་ཏུ་བཟང་པོ། ནམ་མཁའི་སྙིང་པོ། རྩ་ཤད་པ་རྣམས་སོ། །ནཱ་ལེགས་སྦྱར་གྱི་དགག་ཚིག་ཡིན་པ་ནི། སྟོང་ཉིད་བདུན་ཅུ་པ་ལས། ཨ་དང་། མ་དང་། ན་དང་། ནཱ་རྣམས་ནི་དགག་པར་བྱེད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །