4211

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནཱ་ལེནྡྲ
Tibetan Definition (ལེགས་སྦྱར) 1 སྤྱིར་བཏང་ནཱ་ལེནྡྲ་ཞེས་པ་རྒྱ་གར་གྱི་གནའ་བོའི་ནང་པའི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་དཔལ་ནཱ་ལེནྡྲ་ཞེས་བྱ་བ་གང་དུ་ཆགས་པའི་ས་གནས་ཀྱི་མིང་ཡིན་ལ། ཕྱིས་ཡུལ་གྱི་མིང་དགོན་པར་ཐོགས་སོ། །འདི་སྔོན་འཕགས་པ་ཤཱ་རིའི་བུ་འཁྲུངས་པའི་ཡུལ་དང་། མཐར་ཤཱ་རིའི་བུ་འཁོར་དགྲ་བཅོམ་པ་ཁྲི་ཕྲག་བརྒྱད་དང་བཅས་ཏེ་མྱ་ངན་ལས་འདས་པའི་ས་ཡང་ཡིན་ནོ། །བར་སྐབས་སུ་བྲམ་ཟེའི་གྲོང་ནི་སྟོངས་ཤིང་། ཤཱ་རིའི་བུའི་མཆོད་རྟེན་ཞིག་ཡོད་པ་ལ་ཆོས་རྒྱལ་མྱ་ངན་མེད་ཀྱིས་རྒྱ་ཆེར་མཆོད་ནས་གཙུག་ལག་ཁང་ཆེན་པོ་ཞིག་བཞེངས་སོ། །དཔལ་ནཱ་ལེནྡྲ་འདི་ནི་སྔོན་རྒྱ་གར་འཕགས་པའི་ཡུལ་དུ་ནང་པའི་གཙུག་ལག་སློབ་གཉེར་ཁང་མང་པོ་ཡོད་པ་ལས་སྙན་གྲགས་ཆེ་ཤོས་ཡིན་ཞིང་། འདིར་ཐེག་པ་ཆེ་ཆུང་གི་ཆོས་གཙོ་བོར་གྱུར་པའི། སྒྲ་དང་སྙན་ངག་སྨན་རྩིས་བཟོ་རིག་པ་སོགས་གཞུང་རབ་འབྱམས་ཐམས་ཅད་སློབ་པར་བྱེད་དོ། །ནཱ་ལེནྡྲའི་གཙུག་ལག་ཁང་ཐོག་མར་འདེབས་པ་མྱ་ངན་མེད། ཆོས་གཞི་དར་བར་མཛད་པ་སློབ་དཔོན་ལྔ་བརྒྱ་དང་། མཐོ་བཙུན་སྐུ་མཆེད། རྒྱས་པར་མཛད་པ་སྒྲ་གཅན་འཛིན་བཟང་པོ། ཤིན་ཏུ་རྒྱས་པར་བྱེད་པ་འཕགས་པ་ཀླུ་སྒྲུབ་ཡིན་པར་བཤད་དོ། །ནཱ་ལེནྡྲའི་ཀྲི་སིང་ལ་སླེབས་རྗེས་རྐང་ཐང་ལ་ཅུང་ཟད་སོང་ན་སྔོན་གྱི་དགོན་ཤུལ་རྒྱ་ཆེན་པོ་ཡོད། དེ་ནི་སྔོན་རྒྱ་གར་གྱི་ཆོས་སྡེ་ཐམས་ཅད་ཀྱི་གཙོ་བོ་ཡིན་ཞིང་རྒྱ་ནག་གི་བཙུན་པ་ཐང་ཟན་ཙང་རྒྱ་གར་ལ་ཕེབས་དུས་ (དུས་རབས་བདུན་པའི་ནང) དགེ་སློང་ཁྲི་ཕྲག་ཙམ་བཞུགས་ཞེས་ཟེར། ཨརྱ་དེ་ཝ། ཞི་བ་འཚོ། སློབ་དཔོན་ཆེན་པོ་ཟླ་བ་གྲགས་པ་ལ་སོགས་པའི་སྔོན་གྱི་པཎྜི་ཏ་ཆེན་པོ་དེ་ཐམས་ཅད་ཀྱང་དགོན་པ་འདི་ནས་ཕེབས་པ་ཤ་སྟག་ཡིན། བོད་དང་རྒྱ་ནག་ཏུ་དམ་པའི་ཆོས་དར་བ་ཡང་དང་པོ་དགོན་པ་འདི་ནས་བྱུང་བ་ཡིན། ནཱ་ལེནྡྲའི་དགོན་ཤུལ་ནས་རྙེད་པའི་རྡོ་སྐུའི་སྣང་བརྙན་དང༌། ཡིག་རིགས་སོགས་གནའ་དངོས་ཁག་གི་འགྲེམས་སྟོན་ཁང་ཞིག་ཀྱང་དེ་ན་ཡོད། ཡང་ཆག་ལོའི་རྣམ་ཐར་དུ། ནཱ་ལེནྡྲ་ཞེས་པ་མིའི་དབང་པོ་རྒྱལ་པོས་བཞེངས་པས། དེ་སྐད་གྲགས། དེ་ནི་ཆུ་བོ་གངྒཱའི་ཕར་འགྲམ་ན་ཉིན་གཉིས་སྔ་སླེབས་ཀྱི་ས་ན། རྡོ་རྗེ་གདན་ནས་ལྷོ་ནུབ་ཏུ་ཕྱིན་པས་དྲོ་སྔ་སླེབས་ཀྱི་ས་ན་ཡོད། རིན་ཆེན་ཕྲེང་བར། སྔོན་གྱི་རྒྱལ་པོས་ཆོས་ཀྱི་གཞི། །ཞེས་པའི་སྐབས་སུ་གསུངས་པ་ལ། དེ་ན་དབུ་རྩེ་ཆེན་པོ་བདུན་དབུས་སུ་བསྒྲིགས་པ་ཡོད། གཉིས་མ་གཏོགས་པ་རྒྱལ་པོས་བཞེངས། གཉིས་སློབ་དཔོན་ཆེན་པོ་གཉིས་ཀྱིས་རེ་རེ་བཞེངས་པ། དེའི་ཕྱི་རོལ་བྱང་ཕྱོགས་ན་མར་བསྒྲིགས་པའི་དབུ་རྩེ་ཆེན་པོ་བཅུ་བཞི་དེའི་ཕྱིར་མི་ཀ་ཞེས་པའི་གཙུག་ལག་ཁང་ཆུང་བ་བརྒྱད་བཅུ་ཙམ་ཡོད། ཅེས་དགེ་འདུན་ཆོས་འཕེལ་གྱི་གནས་ཡིག་ཏུ་འབྱུང་བ་ལྟར་རོ། །ངེས་ཚིག་ནི། ན་ཨ་ལམ་ད་ Na-alam-da ཞེས་པ་ངོམ་མེད་དུ་སྦྱིན་པ་ཞེས་པའི་དོན་དང༌། ཡང་ནཱ་ལེནྡྲ་ཞེས་པ་རྒྱུན་གྱི་དབང་པོ། ཞེས་འཕགས་བོད་ཤན་སྦྱར་ན་གསལ། ཡང་ཆག་ལོའི་རྣམ་ཐར་དུ། ནཱ་ལེནྡྲ་ཞེས་པ་མིའི་དབང་པོ་ཞེས་པའི་དོན་ཡིན་པར་བཤད། ཡང་འགའ་རེས། ནཱ་ལ་འདམ་བུ་དང་། ད་ན་སྦྱིན་པ་སྟེ་འདམ་བུ་སྦྱིན་ཞེས་བྱ་སྟེ། ལས་བརྒྱ་པ་ལས། འདམ་བུ་སྦྱིན་ཞེས་བྱ་བའི་གྲོང་ན་ཤཱ་རིའི་བུའི་འཁྲུངས་ཡུལ་ལ་འདམ་བུ་སྦྱིན་དུ་བསྒྱུར་ཏོ། །ཞེས་བཤད་དོ། །ཡང་པཎ་ཆེ་སྐུ་ཕྲེང་གསུམ་པ་དཔལ་ལྡན་ཡེ་ཤེས་ཀྱི་གསུང་༼ ལམ་རིམ་ཟིན་བྲིས ༽ཤོག་གྲངས་༣ན༤ལས། ནཱ་ལེནྡྲ་ནི་འདམ་བུའི་ཚལ་ཟེར་རྒྱུ་ཡིན་ཞེས་ཀྱང་གསུངས་སོ། །གཞུང་མང་པོར་ན་ལནྡཱ་ཞེས་བྲིས་སྣང་ངོ༌། །དབུ་མ་རིན་ཆེན་ཕྲེང་བ་དང་རྒྱལ་ཚབ་ཆོས་རྗེའི་དར་ཊཱིཀ་སོགས་སུ་འདི་སྔོན་གྱི་རྒྱལ་པོས་བཞེངས་ཞེས་པ་ཙམ་ལས་རྒྱལ་པོ་སུས་བཞེངས་ཀྱིས་གསལ་ཁ་མེད་མོད། འོན་ཀྱང་ཏཱ་ར་ནཱ་ཐའི་ཆོས་འབྱུང་༧༣དུ། ན་ལནྡཱའི་གཙུག་ལག་ཁང་ཐོག་མར་འདེབས་པ་མྱ་ངན་མེད། ཅེས་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པར་གསུངས་ཡོད། ཡང་དེའི་ཤོག་གྲངས་༢༡༠ལས། ཨོ་ཏནྟ་པཱུ་རི་དང་ཉེ་བ་ན་རྒྱལ་པོ་གཽ་པཱ་ལས་ན་ལནྡཱ་ཞེས་བྱ་བའི་གཙུག་ལག་ཁང་ཞིག་བཞེངས། ཞེས་ཚིག་སྔ་ཕྱི་འགལ་བ་ལྟ་བུར་གསུངས་འདུག་ཀྱང་དཔྱད་པར་འཚལ་ལོ། །2 དཔལ་ནཱ་ལེནྡྲ་ཞེས་བྱ་བ་གང་དུ་ཆགས་པའི་ས་གནས་ཀྱི་མིང་། 3 འཕན་ཡུལ་གྱི་དགོན་པ་ཞིག་གི་མིང་ཡིན་པར་ཡང་བཤད།