From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ནེའུ་ལེ
|
Tibetan Definition
|
<ན་ཀུ་ལཿ> བོད་སྐད་དུ་འདི་ལ་སྲོ་མོང་ཟེར། ན་ཀུ་ལཿཐད་སྒྱུར་བྱས་ན་རིགས་མེད་ཅེས་པའི་དོན་ཡིན་པར། ལི་གུར་ན་གསལ། ན་ཀུ་ལཿཟུར་ཆག་ཅེས་ལི་ཤིའི་གུར་ཁང་དུ་གསལ་ཡང་། འདི་ནི་རྒྱ་གར་ཕལ་སྐད་ཀྱི་ नेवला ནེ་བ་ལཱ་ཉིད་ཟུར་ཆག་པར་ཤིན་ཏུ་གསལ་ལོ། ། དགེ་འདུན་ཆོས་འཕེལ་གྱིས། ཀ་ལནྟ་ཀ་ཡང་སྲོག་ཆགས་འདི་ཉིད་ཡིན་པར་བཤད། སྔོན་གྱི་བཤད་སྲོལ་ལ་འདིས་ནོར་བུ་སྐྱུག་ཅེས་ཟེར། བྲིས་ཆ་དག་ལའང་ནོར་བུ་སྐྱུག་པ་བྲིས་ཡོད། སྤུ་མདོག་སེར་སྨུག ལུས་པོ་ཕྲ་ལ་རིང་བ། རིང་ཐུང་ (1.6 ft.) རྐང་ཁྲུ་གཅིག་དང་སོར་ཚད་དྲུག་ཙམ་ཡོད་ཅིང་། ལྗིད་ཚད་ཀི་ལི་གྷ་རམ་ (Kilogram) གཅིག་ཙམ་ཡོད། མང་པོ་མཉམ་དུ་རུབ་རུབ་བྱེད་དེ་ཕྱོགས་ངེས་མེད་དུ་བྲེལ་བ་འཚུབ་འཚུབ་ཀྱིས་ཉུལ་ནས་འགྲོ། འདི་སྦྲུལ་གྱི་དགྲ་གཤེད་ཡིན། ལུས་རྩལ་ཆེ་བས་སྦྲུལ་གྱིས་ཀྱང་གླགས་མི་ཁེལ། སྦྲུལ་དང་འདི་གཉིས་འཐབ་འཐབ་ནས་མཐར་འདིས་སྦྲུལ་གསོད། འདི་ལ་ལེགས་སྦྱར་དུ་ नकुलः ན་ཀུ་ལཿདང་། རྒྱ་གར་ཡུལ་སྐད་དུ་ नेवला ནེ་བ་ལཱ་དང་། བོད་སྐད་དུ་སྲོ་མོང་དང་ནེའུ་ལེ་ཞེས་ཀྱང་འབོད། ཕྱི་རྒྱལ་བས་ Mongoose ཟེར། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས། ཀ་ལནྟ་ཀ་ནི་འདུལ་བའི་ཚིག་མང་པོར་སྲོག་ཆགས་ཀ་ལནྟ་ཀ་ཞེས་བསྒྱུར་ཅིང་སྲོག་ཆགས་ནི་བོད་རང་སྐད་འཆར་ཅན་པར་དུད་འགྲོ་རྐང་བཞི་པའི་མིང་ཙམ་ཡིན་ལ། འོན་ཀྱང་སྐབས་འགར་བྱ་ཀ་ལནྟ་ཀ་ཞེས་བྲིས་མོད། སྲེ་མོང་རང་དུ་འདུག འདིས་ཚང་ཤིང་རྩེར་བྱེད་པས་བྱར་འཁྲུལ་སྙམ་ཡོད། རྒྱ་ནག་ལ་ཡང་འདི་བྱ་ཞིག་གི་མིང་དུ་བྱས་ཡོད་ཟེར། རྒྱབ་གཞུང་དུ་གར་ཤ་ཡོད་པ་ सीता སཱི་ཏཱ་སྲིན་པོས་ཁྲིད་ཚེ་འདིས་སེམས་གསོ་བཏང་བས་ र।म। རཱ་མཱས་ལག་པས་ཞུལ་ཞུལ་བྱས་པའི་ཤུལ་ཡིན་སོགས་ཟེར། འདིའི་མིང་ལ་མངོན་བརྗོད་དུ་རྒྱབ་ཁྲ་ཟེར་བ་དེ་ལ་བྱེད་པ་ཡིན་འདུག སྦྲུལ་མཐོང་ན་སྐད་འབྱིན་པ་ཡང་ཡོངས་གྲགས་ཡིན། འོད་མའི་ཚལ་གྱི་ཤུལ་ན་ཤིན་ཏུ་མང་བ་སྙམ་བྱེད། ཅེས་གསུངས། ཞར་བྱུང་། foot ཕུ་ཀྲུ་གཅིག་ལ་རྐང་ཁྲུ་གཅིག་དང་། inch ཨིན་ཅི་གཅིག་ལ་སོར་ཚད་གཅིག་ཅེས་ཐ་སྙད་བཏགས་ན་ཡག་པོ་འདུག་སྙམ།
|