4267

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནྱ་གྲོ་དྷ
Tibetan Definition (ལེགས་སྦྱར) བ་ཐག་མང་པོ་འཕྱང་ཐག་ལྟར་འཕྱངས་པ་རིམ་གྱིས་ས་ལ་ཟུག་ནས་རྩ་བ་ཆགས་འགྲོ་བའི་རྐང་མང་ཞེས་བྱ་བའི་ཡངས་ཤིང་རྒྱ་ཆེ་བའི་ཤིང་སྡོང་ཞིག བོད་སྐད་དུ་བསྒྱུར་ན་ཆུ་ཞེང་གབ་པ་སྟེ་དཀྱུས་ཞེང་མཉམ་པ་ཞེས་བྱ་བའི་དོན་ཡིན་ལ། མིང་གཞན་འདམ་པ་དམན་འགོག་ཅེས་ཀྱང་བྱའོ། །ཆུ་ཞེང་གབ་ཅེས་པའི་དོན་ནི་གོང་དུ་གསལ་བ་ལྟར། ཆུ་ནི། དཀྱུས། སྲིད། གཞུང་། རིང་ཐུང་གི་ཚད་བཅས་ཀྱི་དོན་དང་། ཞེང་ནི་འཕྲེད་དམ་ཞེང་ཁའི་ཚད་དོ། །གབ་ནི། འདྲ་བ། མཉམ་པ། མཚུངས་པ།དོ(དོ་མཉམ་མི་མཉམ་ཞེས་པའི་དོ་) རྣམས་དོན་འདྲ། དཔེར་ན་དོ་ཤལ་ཞེས་པ་ལྟ་བུ། མངོན་རྟོགས་རྒྱན་ལས། སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ། །ཅེས་པའི་དོན་ནི། ནྱ་གྲོ་དྷ་ཤིང་སྡོང་དཀྱུས་ཞེང་མཉམ་པ་བཞིན་དུ་སངས་རྒྱས་ཀྱི་སྐུ་ལུས་ཀྱང་དཀྱུས་ཞེང་མཉམ་པ་ཡིན་ཞེས་པའི་དོན་ནོ། །དེ་ཡང་ཕྱག་གཉིས་བརྐྱངས་པའི་རིང་ཚད་དང་། སྐུའི་རིང་ཚད་གཉིས་མཉམ་པ་ཡིན་ཞེས་པའོ། །ལེགས་སྦྱར་གྱི་སྐད་དུ་འདི་ལ་ནྱ་གྲོ་དྷ་ “न्यग्रोधः” nyagrodhaḥ ཞེས་བརྗོད། ཀློག་ཚེ་ (ནེ་གྷོར་དྷ) ཞེས་པ་ལྟ་བུར་བཀླག མིང་གི་རྣམ་གྲངས་ནི། མངོན་བརྗོད་མཁས་པའི་རྣ་རྒྱན་ལས། ཝ་ཊ་ ( वटः ) རྐང་མང་ནྱ་གྲོ་དྷ། ཞེས་འབྱུང་བ་ལྟར་རོ། །ཤིང་སྡོང་འདིའི་གྲིབ་བསིལ་དུ་མི་བརྒྱ་ཕྲག་ཁ་ཤས་ངལ་གསོ་བརྒྱབ་ནས་སྡོད་ཆོག་ཅིང་། དེ་ལ་ཤིང་འབྲས་དམར་པོ་མཐེབ་རྡོག་གི་ཚོད་ཙམ་པ་བྱ་དང་བྱིའུ་རྣམས་ཀྱིས་ཟས་སུ་བྱེད། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཀྱང་། དེ་ཕྱིར་མི་དགེ་ཤིན་ཏུ་ཕྲ་མོ་ལའང༌། །བག་དང་ལྡན་པས་སྐབས་དབྱེ་མི་བྱ་སྟེ། །ནམ་མཁའི་དབྱིངས་ཀུན་འགེངས་འདྲའི་ནྱ་གྲོ་དྷ། །ས་བོན་ཏིལ་འབྲུ་ཙམ་གྱིས་བསྐྲུན་པ་ལགས། །ཞེས་གསུངས་པ་ལྟར་རོ། །འདི་ནི་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པའི་ཉེ་འཁོར་གྱི་ནགས་གསེབ་ཏུ་ཤིན་ཏུ་མང༌། ནྱ་གྲོ་དྷའི་ཤིང་ཆེན་པོ་ཞིག་སེ་ར་དགོན་པའི་རྒྱབ་ངོས་ཀྱི་སྤང་ལྗོངས་ཀྱི་དཀྱིལ་དུ་ཡོད་པ་ད་ལྟ་ཡང་ལྷང་ངེར་དྲན། ཕྱི་རྒྱལ་བས་འདི་ལ་ Indian fig tree དང་། ཨ་རབ་ཀྱི་སྐད་དུ་Banyan དང་། དབྱིན་ཇིས་ Banian tree ཟེར། དེ་ཡང་ལེགས་སྦྱར་གྱི་སྐད་དུ་ Bani (vanij བ་ཎི་ཛ) ཞེས་པ་ཚོང་ལས་ལ་འཇུག་པས། ཚོང་པ་རྣམས་ཀྱིས་དེའི་གྲིབ་བསིལ་དུ་བསྡད་དེ་ཉོ་ཚོང་བྱེད་པ་ལ་བརྟེན་ནས་ Banian tree ཞེས་རྒྱ་གར་དབྱིན་ཇིའི་བཙན་འོག་ཏུ་ཡོད་དུས་དབྱིན་ཇིས་བཏགས་ཞེས་བཤད་སྲོལ་ཡང་འདུག ནྱ་གྲོ་དྷ་བྱང་ཆུབ་ལྗོན་ཤིང་ལ་ངོས་འཛིན་མཁན་ཡང་འདུག་རུང་། དེ་ནི་ནོར་བ་ཡིན་ཏེ། ཆུ་ཞེང་གབ་པ་སྟེ་དཀྱུས་ཞེང་མཉམ་པ་དང་རྐང་མང་བཅས་ཀྱི་དོན་ལ་བསམས་ན་ཤེས་ནུས་སོ། ། Sarat Chandra Das ཙནྡྲ་ད་སས་བརྩམས་པའི་བོད་སཾ་དབྱིན་གསུམ་ཤན་སྦྱར་གྱི་ཚིག་མཛོད་ནང༌། ནྱ་གྲོ་དྷ་བྱང་ཆུབ་ལྗོན་ཤིང་ལ་བཤད་འདུག་ཅིང༌། དེའི་ཁུངས་ཡང་བསྟན་འགྱུར་མདོ་༼ གེ་པ ༽ ཤོག་གྲངས་༢༣༠ལ་གཏུགས་པ་ལྟ་བུར་བཤད་ཀྱང་དཔྱད་དོ། །