4299

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན
Tibetan Definition པཎ་ཆེན་སྐུ་ཕྲེང་དང་པོ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནི། གཙང་རོང་མཚམས། ལྷན་གྱི་ནང་དྲུག་བརྒྱ་ཞེས་བྱ་བའི་ཡུལ་དང༌། རིགས་ནི་སྦའི་རིགས་ཞེས་བྱ་བ་མཚུངས་མེད་གཡག་སྡེ་པཎ་ཆེན་དང༌། མཁན་སློབ་ཆོས་གསུམ་གྱིས་ཁ་བ་རི་པ་རྣམས་ལ་རབ་ཏུ་བྱུང་བ་རུང་མི་རུང་བརྟག་པའི་ཕྱིར། སད་མི་མི་བདུན་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་ནང་ཚན། སྦ་ཡེ་ཤེས་དབང་པོ་སོགས་དམ་པ་མང་པོ་ཉེ་བར་བྱོན་པའི་རིགས་བརྒྱུད་དུ། ཕྱི་ལོ་༡༥༧༠ལོར་ཡབ་གསོ་བ་རིག་པ་ལ་ཤིན་ཏུ་མཁས་ཤིང༌། བརྒྱད་སྟོང་པ་རྒྱུན་དུ་ཁ་འདོན་དུ་བྱེད་པ་དགེ་བའི་ངང་ཚུལ་ཅན་མེས་པོ་དྲུང་འཚོ་བ་ཀུན་དགའ་འོད་ཟེར་ཞེས་བྱ་བ་དང༌། ཡུམ་རང་བཞིན་དྲང་ཞིང་གཞན་ལ་ཕན་སེམས་ཆེ་བ་མཚོ་རྒྱལ་ཞེས་བྱ་བའི་སྲས་སུ་སྐུ་འཁྲུངས། ཡབ་དྲུག་འཚོ་བ་ཉིན་རེ་བཞིན་མཚན་བརྗོད་ཞལ་འདོན་མཛད་པ་ཐོས་པས། མཐར་ལོ་གསུམ་པའི་སྐབས་མཚན་བརྗོད་བློ་ལ་གསལ་བ་ངག་ཏུའང་གཙང་སིང་བ་འདོན་ནུས་པ་བྱུང་གསུང༌། བྱིས་པ་ཆུང་ངུའི་གནས་སྐབས་ནས། རབ་ཏུ་འབྱུང་ཁའི་བར་རང་བཞིན་གྱི་ཁ་ན་མ་ཐོ་བ་ཆེ་ལྟ་ཞོག་བསམ་བཞིན་དུ་སྲོག་ཆགས་གྲོག་སྦུར་ཕྲ་མོ་བཀུམས་པ་ཙམ་ཡང་དྲན་ལམ་དུ་མ་མཆིས་གསུང༌། གཞོན་ནུའི་དུས་སུ། གཏོང་ཕོད་ཡང་ཤིན་ཏུ་ཆེ་བར་བཟའ་བཏུང་སོགས་དངོས་དང༌། ལྐོག་ཏུ་བརྐུས་ནས་སློང་མོ་བ་དང༌། ཁྱི་དང་བྱ་བྱིའུ་སོགས་ལ་བྱིན་པར་མཛད། དགུང་ལོ་བཅུ་གསུམ་བཞེས་པའི་ཚེ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་མཁན་སློབ་ཟུང་འབྲེལ་དུ་མཛད་དེ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ལེགས་པར་ཕུལ་ཏེ། མཚན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ། དེ་ནས་ཉི་མ་ཞེས་པ་ཆུ་ལུག་ཟླ་བ་གཉིས་པའི་ཚེས་གསུམ་གྱི་ཉིན་བསླབ་གསུམ་ལྡན་པའི་དགེ་སློང་རི་ཁྲོད་པ་འདུས་པའི་ཚོགས་ཀྱི་དབུས་སུ་མི་འཇིགས་སེང་གེའི་ཁྲི་ལ་བཀོད་དེ། རྒྱལ་བ་བདེན་ས་པ་བློ་བཟང་དོན་གྲུབ་ཀྱི་སྐུ་སྐྱེས་སུ་ངོས་འཛིན་མཛད་ཅིང༌། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་ཤིས་པ་རྒྱས་པར་བརྗོད་ཅིང༌། མེ་ཏོག་གཏོར་ནས་བྱིན་གྱིས་བརླབས། དེའི་ཚེ་ནམ་མཁའ་ཤིན་ཏུ་དྭངས་པ་ལ་ཁ་དོག་སྣ་ལྔའི་མེ་ཏོག་གི་ཆར་བབས་པ། ཐོག་མར་དགེ་བཤེས་དཔལ་འབྱོར་སོགས་མཚམས་པ་རྣམས་ཀྱིས་མཐོང་ནས། ཕྱིས་ཚོགས་པ་ཐམས་ཅད་ཀྱིས་ངེས་པ་ཞིག་བྱུང༌། དགུང་གྲགས་བཅུ་བཞི་བཞེས་པའི་ཚེ། དབྱངས་ཅན་མའི་བསྙེན་པ་ཞིག་མཛད་སྐབས། དབང་སྔོན་ཞུ་བ་འཁྱིལ་འདྲའི་ཡིད་བཞིན་མཚོ། །ཞེས་སོགས་དབྱངས་ཅན་མའི་བསྟོད་པ་སྙན་ངག་གི་ལམ་ནས་དྲངས་པ་ཞིག་ཐོགས་མེད་དུ་རྩོམ་པར་མཛད། དགུང་གྲངས་བཅོ་ལྔའི་སྐབས། རྗེ་ཙོང་ཁ་པ་ཆེན་པོའི་ལམ་རིམ་ཆེ་འབྲིང་ཆུང་གསུམ་ཐམས་ཅད་ཐུགས་ལ་བཟུང་སྟེ། མཁས་གྲུབ་སངས་རྒྱས་ཡེ་ཤེས་ལ་རྒྱུགས་ཀྱང་ཕུལ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་མཛད་པའི་འདུལ་བའི་གླེང་འབུམ་ཆེན་མོ་ཤོག་ལྡེབས་ལྔ་བརྒྱ་དང་བདུན་ཙམ་ཡོད་པ་དེར་ཡང་ཡང་གཟིགས་པས། དོན་ཁོང་དུ་ཆུད་ཅིང་ཚིག་ཀྱང་ཕལ་ཆེར་ཐུགས་ལ་ཟིན་པ་བྱུང་གསུང༌། རྗེ་དེ་ཉིད་རྣམ་རིག་ཤིན་ཏུ་བཀྲ་བས་གླེགས་བམ་བདག་ཉིད་ཀྱིས་བལྟས་པ་དང༌། བླ་མས་གསུངས་པ་སོགས་ལན་རེ་གཉིས་ཙམ་གྱིས་དོན་བློ་ལ་འཆར་བ་བྱུང་གསུང༌། དགུང་ལོ་བཅུ་བཞི་ནས་བཅོ་བརྒྱད་ཀྱི་བར། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་དྲུང་ནས་མདོ་སྔགས་ཀྱི་གཞུང་ཕལ་མོ་ཆེའི་དབང་ལུང་མན་ངག་རྣམས་ལེགས་པར་གསན། དགུང་གྲངས་བཅོ་ལྔ་བཞེས་པ་ན། ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོ་རུ་སློབ་གཉེར་མཛད་དུ་ཕེབས། སློབ་གཉེར་དང་བགྲོ་གླེང་ལ་བརྩོན་པ་ཤིན་ཏུ་ཆེ་བར་མཛད་དེ་ཕྱག་མཐིལ་ལ་སྒལ་པ་ཆགས་ཤིང༌། སོར་མོའི་མཚམས་རྣམས་ཨུཏྤལ་ལྟར་གས་པ་བྱུང༌། ལྕགས་ཡོས་ལོའམ། ཕྱི་ལོ་༡༥༩༡ལོར་དགུང་གྲགས་ཉེར་བརྒྱད་དུ་ཕེབས་པ་ན་གཟིམས་ཁང་རྒྱལ་མཚན་མཐོན་པོར་པཎ་ཆེན་དམ་ཆོས་ཡར་འཕེལ་བའི་ཞལ་སྔ་ནས་མཁན་པོ་དང༌། དཔལ་འབྱོར་རྒྱ་མཚོ་བས་ལས་སློབ། པཎ་ཆེན་ལྷ་དབང་བློ་གྲོས་ཀྱིས་གསང་སྟོན་མཛད་དེ། དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། བཅུད་ལེན་གྱི་རྣམ་གྲངས་དུ་མ་ལ་གོམས་པ་ཉམས་འོག་ཏུ་ཆུད་པར་མཛད། རྩ་རླུང་འཕྲུལ་འཁོར་གཏུམ་མོའི་རྣལ་འབྱོར་སོགས་ལ་བརྩོན་པ་དྲག་པོ་བསྟེན་ནས་གདེང་ཐོབ་པ་བྱུང༌། ལྕགས་གླང་ལོའམ། ཕྱི་ལོ་༡༦༠༡ལོར་དགུང་གྲངས་སོ་བརྒྱད་བཞེས་པ་ན་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོའི་ཁྲི་ལ་ཕེབས། སྐབས་ཤིག་རྟ་ནག་ཏུ་རྗེ་འགོས་ཀྱི་བསྒྲུབ་གནས་ཞལ་གཟིགས་ཕུག་པ་མཇལ་བས། ལྷས་མེ་ཏོག་གི་ཆར་ཕབ་ཅིང༌། ཚེ་ཆུའི་རྒྱུན་བབས། དེའི་འོག་མཁའ་སྤྱོད་ནའང་དཔལ་ལྡན་ལྷ་མོའི་ལོགས་བྲིས་བྱིན་རླབས་ཤིན་ཏུ་ཆེ་བ་ཞིག་ཡོད་པ་ལ་མེ་ཏོག་གཏོར་བས་འོད་ཟེར་ཁ་དོག་སྣ་ལྔ་འཕྲོ་ཞིང་རྣམ་འགྱུར་སྣ་ཚོགས་པ་སྟོན་པ་མཇལ། ཡང་དགུན་ཐོག་ཅིག་ལ་ལྷ་མོའི་བླ་མཚོ་མཇལ་བར་ཕེབས། ནམ་དུས་སོགས་ཀྱིས་མཚོ་ཁ་མ་བྱེ་ཞིང་ཁ་ཆར་ལྷག་པར་ཆེ་ནའང༌། བརྩོན་པ་བསྐྱེད་དེ་ཞབས་ཐང་ལ་ཕེབས་ཏེ། ཐམས་ཅད་ལས་སྔ་བར་སླེབས། སླེབས་འཕྲལ་མཚོ་འཁྱགས་པས་ཁེབས་པ་དེ་སྔོ་མེར་གྱིས་ཞུ་ནས་ཞལ་ཁེབས་འདྲ་བ་རིམ་གྱིས་བསལ་ནས་ཕྱག་མཚན་སོགས་སྣ་ཚོགས་འཆར་བའི་སྐབས། ཕྱག་རོགས་དོན་བཟང་ཞེས་བྱ་བས་ཅི་འདྲ་འདུག་ཟེར། མཚོ་ཞལ་ལེགས་པོ་ཡོད་པ་འདུག་གོ་མགྱོགས་པོ་བྱོན་ཅིག་གསུངས་པས། མི་དེས་གཡའ་མཚོ་འཁྱགས་འདུག་ཟེར་བས་རྐྱེན་བྱས་ཏེ། སྐད་ཅིག་དེ་ཉིད་ལ་འཁྱགས་པས་དཀར་མེར་གྱིས་ཁེབས་ཞེས་གསུངས༌། རྗེ་དེ་ཉིད་ཞབས་ཀྱིས་བཅགས་པའི་ས་ཕྱོགས་དེར་ཐན་པའི་དུས་སུ་ཆར་འབབ་པ་དང༌། དགུན་དུས་སུ་ཉི་མ་དྲོ་བ། ནད་རིམས་དཀོན་ཞིང་ལོ་ལེགས་པ་སོགས་བྱུང་བའི་ལོ་རྒྱུས་ཡང་ཡོངས་སུ་གྲགས། ཡང་ལྕེ་ལུང་དུ་མཁའ་སྤྱོད་པའི་མཁན་སློབ་ཆེ་བགྲེས་ཐམས་ཅད་འདུས་པའི་ཆིབས་བསུ་གཟབ་མོ་དང་བཅས་ཕེབས་དུས། ཀུན་མཁྱེན་ཆོས་འབྱོར་དཔལ་བཟང་འཁྲུངས་པའི་བཀའ་དྲིས་གནང་བས། རྒུར་སྤེ་ཟེར་བ་འདི་ལགས་ཞེས་ངོ་སྤྲོད་ཞུས་པ་ན་སྐད་ཅིག་དེ་ཉིད་ལ་ཤེལ་ལྟར་འཚེར་བའི་འོད་ཀྱི་ཕུང་པོ་ཆེན་པོ་ཞིག་ས་དེར་འདུག་པ་ཐམས་ཅད་ཀྱིས་མངོན་སུམ་དུ་མཐོང༌། དེ་ནས་བཟུང་སྟེ་ས་བཅུད་འཕེལ་ཞིང་བདེ་སྐྱིད་ལྡན་པ་བྱུང་ཞེས་ཡུལ་ཕྱོགས་དེ་དག་གི་སྐྱེ་བོ་ཀུན་མཐུན་པར་སྨྲས་སོ། །རྒྱལ་དབང་སྐུ་ཕྲེང་བཞི་དང་ལྔ་པ་ཆེན་པ་གཉིས་ཀའི་ཡོངས་འཛིན་མཛད་ཅིང༌། རྗེ་དེ་ཉིད་ཀྱི་སྐུ་དུས་ཀྱི་ཁྲི་གདན་ཟུར་སོགས་མཁས་གྲུབ་ཆེན་པོ་ཐམས་ཅད་ཁོང་གི་སློབ་མར་མ་གྱུར་པ་གཅིག་ཀྱང་མེད། མདོར་ན་དམ་པ་འདི་ཉིད་ནི་རིག་པའི་གནས་ལྔ་ལ་མཁས་ཤིང་གྲུབ་པ་ཐོབ་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཞིག་གོ། གསུང་འབུམ་ཡང་པོད་ལྔ་ཙམ་བཞུགས། ས་དགེ་བཀའ་རྙིང་བོན་དང་བཅས་པའི་ཆོས་ལུགས་གྲུབ་མཐའ་ཡོངས་ལ་དག་སྣང་ཕྱོགས་ལྷུང་བྲལ་བ་ཞིག་ཡིན་སྟབས། རིས་མེད་ཀྱི་སྐྱེ་བོ་མཆོག་དམན་ཀུན་གྱིས་རིགས་ཀྱི་ཅོད་པན་དུ་འཛིན་པར་མཛད། བོན་པོའི་དགོན་པ་རྣམས་ལའང་མང་འགྱེད་ཀྱི་བསྙེན་བཀུར་སོགས་ཐུགས་བརྩེ་ཆེན་པོ་གནང་བའི་ལོ་རྒྱུས་དང༌། དེའི་རྐྱེན་གྱིས་བོན་པོ་རྣམས་ཀྱང་ཤིན་ཏུ་མོས་ཤིང་དད་འདུན་ཆེ་བས། ཆོས་འབྲེལ་ཡང་ཞུས་པར་གསུང༌། དགུང་ལོ་དགུ་བཅུ་གོ་གསུམ་བཞུགས། ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་འཕྲེང་བཅུ་བཞི་པ་ཆེན་པོས་དགུང་གྲངས་བརྒྱ་དང་བརྒྱད་བཞུགས་ཞེས་གསུངས་པའང་ཐོས། རྣམ་ཐར་རྒྱས་པ་རྗེ་དེ་ཉིད་ཀྱི་རང་རྣམ་ལ་གཟིགས་ན་ངོ་མཚར་བའི་ཡོན་ཏན་དུ་མ་ཞིག་ཡོད་དོ། །1570-1662