4313

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པད་པ
Tibetan Definition ཁྲག་འཇིབ་མཁན་གྱི་འབུའི་རིགས་ཤིག འདི་ལ་སྲིན་བུ་པད་པ་དང༌། སྲིན་བུ་པད་མ་ཞེས་ཀྱང་ཟེར། ཕྱི་རྒྱལ་བས་ Leech ཟེར། སྤྱིར་འདི་ལ་རིགས་མི་འདྲ་བ་དྲུག་བརྒྱ་ལྔ་བཅུ་ཙམ་ཡོད་པར་བཤད་ཅིང་། རང་རེ་བོད་ལ་གྲགས་པའི་པད་པ་ནི། འབུ་ཕྲ་ལ་རིང་ཐུངསོར་དོ་ཙམ་པ་ཁྲག་གིས་འགྲངས་ཚེ་མཛུབ་ཆུང་གི་སྦོམ་ཕྲ་ཙམ་དུ་འགྱུར། ཁ་དོག་ནག་ལ་ཉ་རེ་ཉོ་རེ་བ་ལག་པས་འཐེན་ཀྱང་བཀོག་མི་ཐུབ། སྣ་ཐ་དང་ཚྭ་བླུགས་ན་རང་བཞིན་གྱིས་འདྲིལ་འགྲོ། ཤིང་ནགས་དང་རྩྭ་གསེབ་ཏུ་སྡོད། ཁྲག་གི་དྲི་ཚོར་ན་མགོ་ཕྱོགས་གང་སར་གཡོ་འགུལ་བྱེད་དེ་ང་ཚོས་མི་ཚོར་བར་ལུས་ལ་འབྱར་ཡོང༌། མིང་གི་རྣམ་གྲངས་ནི། མངོན་བརྗོད་ལས། ཆུ་ཡི་སྣང་བ་ཛ་ལོ་ཀཱ། ཁྲག་འཐུང་སྲིན་བུ་པད་པ་དང༌། ཟ་མ་ཏོག་ཅན་རུས་པའི་ཟོང༌། ཞེས་འབྱུང་བ་ལྟར་རོ། །པད་པ་དང༌། སྲིན་བུ་པད་པ། སྲིན་བུ་པད་མ་རྣམས་དོན་གཅིག སྨན་གཞུང་ལས། སྲིན་བུ་པད་མ་གསོན་པོས་ནད་ཁྲག་འཐུང་། །ཞེས་པ་ཁྲག་གཏར་དགོས་པ་ལ་སྲིན་བུ་པད་མ་ཞེས་པ་ཆུ་ལ་གནས་པ་དེ་གཏར་དུ་འོས་པའི་རྩ་ཐོག་ཏུ་བཞག་པས་ནད་ཁྲག་འཐུང་སྟེ་རྩ་རྒྱུད་ནས་འཇིབ་ཅིང་ཟུངས་ཁྲག་འཐུང་དུ་མི་འདོད་པས་མི་གནོད་ཕན་སྟོབས་ཆེ་བ་ཡིན་ལ། དེ་མེད་པའི་སར་གཙག་བུས་གཏར་བས་ནད་ཟུངས་མི་ཕྱེད་གནོད་ལ་ཕན་ཆུང་བ་ཡིན་པས། ཡན་ལག་བརྒྱད་པ་ལས། ཁྲག་ནི་བཟང་ངན་འདྲེས་པ་ལས། །པད་མས་དང་པོ་ནད་ཁྲག་ནི། །འཐུང་སྟེ་ངང་པས་འོ་མ་དང་། །འདྲེས་ཆུའི་འོ་མ་ལེན་དང་མཚུངས། །འབུ་དེ་ལ་ཡང་དུག་མེད་བསྟེན་བྱ་དང་། དུག་ཅན་སྤང་བྱ་གཉིས་ཡོད་ལ། དེ་བརྟག་པ་ལ་གནས་པའི་ཆུ་དང་ངོ་བོ་དབྱིབས་དང་ཁ་དོག་བརྟག་པ་ཡང་། བསྟན་བཅོས་དེ་ཉིད་ལས། སྲིན་བུ་པད་མ་བདེར་གནས་པ། །ཁྲག་དབྱུང་ཕྱིར་ནི་སྦྱར་བར་བྱ། །ཆུ་མདོག་རྣམ་པར་གསལ་བ་དང་། །དུག་མེད་ཉི་ལྕིབས་མེད་ལས་བྱུང་། །རྩ་སྣར་རོ་སྟོད་སྔོ་ཁྲ་སྣུམ། །རྒྱབ་ནི་དུར་སྨྲིག་འདྲ་ལས་ཕྲ། །ལྟོ་ནི་ཅུང་ཟད་སེར་བ་བཟང་། །ཆུ་ནང་ཉ་དང་སྦལ་སོགས་དང་། །རི་མོའི་དྲི་མ་རྣག་ལས་བྱུང་།། དཀར་དང་དམར་དང་ཤིན་ཏུ་གནག །མི་བསྲུན་སྦོམ་དང་འབྱིལ་བ་དང་། །འཇའ་ཚོན་དང་འདྲ་རོ་སྟོད་བཀྲ། །སྤུ་ཡོད་དེ་རྣམས་དུག་ཅན་ཡིན། །སྤང་བྱ་དེས་ནི་ཁྲག་འཇིབས་ན། །གཡའ་ནག་འཛག་རིམས་མགོ་འཁོར་བསྐྱེད། །དེ་ལ་དུག་ཁྲག་མཁྲིས་གསོ་བྱ། །ཞེས་གསུངས་པ་སོགས་ལས། འབུ་དེ་ལེན་པ་དང་རྩ་ལ་སྦྱར་ལུགས་གསོ་ལུགས་སོགས་ཡོད་ཀྱང་འདིར་ས་བཅད་ལས་མི་སྤྲོ་བ་ནི་འབུ་དེ་མི་རྙེད་པས་མི་མཁོ་བའོ། །ཞེས་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱི་དྲི་མེད་ཤེལ་དཀར་༤༥༥ལས་བཤད་ཀྱང་། འབུ་འདི་བཞུགས་སྒར་དྷ་རམ་ས་ལ་སོགས་རྒྱ་གར་གྱི་ཡུལ་ལུང་མང་པོར་ཡོད་དོ། །