4322

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པདྨ་གླིང་པ
Tibetan Definition 2 ཡང་། པདྨ་གླིང་པ་བརྫུན་མ་འདིས་ས་སྐྱའི་ཤཱཀྱ་མཆོག་ལྡན་པ་དང་ངན་པ་ལག་སྦྲེལ་གྱིས་ཅིག་གིས་ལུང་བསྟན་བརྫུན་མ་བརྩམས་ཤིང་། ཅིག་ཤོས་ཀྱིས་གཏེར་ནས་འདོན་ཁུལ་གྱིས་རྗེ་རྒྱལ་བ་གཉིས་པར་སྙིང་འདར་ཞིང་སྐྱི་གཡའ་བའི་མཚན་སྨད་བསམ་ཡུལ་འདས་པ་ཞུ་མཁན་གྱི་པད་གླིང་བརྫུན་མ་ཞིག་བྱུང་བ་དེ་ནི། གཏེར་སྟོན་པདྨ་གླིང་པ་ཞེས་པའི་གཏེར་སྟོན་ཚད་ལྡན་དེ་དང་མི་རབས་གཉིས་ཀྱི་བར་ཁྱད་ཡོད་པ། མཁས་གྲུབ་ཐམས་ཅད་མཁྱེན་པས་གསུངས་ཏེ། མཁས་གྲུབ་ཆོས་རྗེའི་གསུང་ཐོར་བུ་༡༧༧ན༢ལས། བྱང་བདག་པོ་རྣམ་རྒྱལ་གྲགས་པའི་དྲིས་ལན་རྒོལ་ངན་ཚར་གཅོད་ལས། ༀ་སྭསྟི། སངས་རྒྱས་བཞུགས་དུས་འཁོར་རྣམས་ཕལ་ཆེ་མོ། །འབད་མེད་ལྟ་བུར་གྲོལ་བར་སྣང་གྱུར་ཀྱང་། །སྔོན་ཚེ་ལམ་ལ་སློབ་པའི་བག་ཆགས་ཉིད། །ཐུགས་རྗེས་སད་ནས་གསུང་གིས་གྲོལ་བར་ངེས། །དེ་ལ་ལེགས་སྐར་ཐུབ་པའི་ཞབས་འབྲིང་སྐབས། །རང་རྒྱུད་ལུང་གིས་ཁེངས་པའི་ང་རྒྱལ་གྱིས། །སྟོན་པའི་མཛད་ལ་ལོག་ལྟས་སྨད་ཚུལ་རྣམས། །རྒྱས་པར་པདྨ་ཐང་ཡིག་སོགས་ལས་གསུངས། །དེ་ལ་བསམ་ནས་ཆེན་པོ་ཤཱཀ་མཆོག་དང་། །པདྨ་གླིང་པར་འཆོས་པའི་སྙིང་ཆེན་གཉིས། །རྗེ་བཙུན་བླ་མའི་འཕྲིན་ལས་ཉིན་བྱེད་འོད། །ཕྲག་དོག་སྦྲང་བུའི་གཤོག་པས་སྒྲིབ་སྙམ་སྟེ། །ཁོ་པ་མཁས་པ་ཡིན་པས་འདི་བརྩམ་ཞིང་། །ཁྱོད་ནི་གྲུབ་ཐོབ་ཡིན་པས་འདོན་དགོས་ཞེས། །གྲོས་ངན་བཤམས་ཤིང་དགེ་སློང་བཞི་བཏང་སྟེ། །ཡར་འབྲོག་མཚོ་ཡི་འགྲམ་དུ་གཏེར་དུ་སྦས། །དེ་ཉིད་པད་གླིང་བརྫུས་མས་བཏོན་པས་ན། །ཐང་ཡིག་བཤད་པའི་ལེགས་སྐར་རྣམ་ཐར་དང་། །རྗེ་བཙུན་བླ་མས་ལྷ་སའི་ཇོ་བོ་ལ། །དབུ་རྒྱན་ཞུས་སོགས་བསྙེན་བཀུར་མཛད་པ་སྦྱར། །འདི་ལ་འཁྲུལ་ནས་རྙིང་མ་ཕྱག་ཆེན་སོགས།། རྗེས་འབྲངས་སྐྱེ་བོ་བླུན་པོ་མང་པོ་ཡིས། །ཐེག་ཆེན་ཆོས་དང་གང་ཟག་སྤོང་བའི་ལས། །འཛེམ་མེད་བསགས་པ་མཐོང་ཚེ་ཤེས་ལྡན་ཀུན། །ལུས་སེམས་འདར་ཞིང་སྙིང་ནས་སྐྱོ་ཤས་བསྟེན། །དུས་གསུམ་མཁྱེན་པས་ལུང་བསྟན་ཚུལ་རྣམས་ལ། །མ་དག་ཉེས་སྐྱོན་དྲི་མས་མ་གོས་རུང་། །འདི་ནི་བརྫུན་མ་ཡིན་ཕྱིར་ནང་འགལ་མང་། །འདི་ཡི་རྒྱུ་མཚན་ཞིབ་ཞུས་འདི་ལྟར་འབུལ། །མཁའ་ལྡིང་མཁའ་ལ་མཁའ་ཡི་མཐའ་འཚོལ་ལྟར། །བདག་རྨོངས་བདག་འདྲས་བདག་ཉིད་ཆེན་པོའི་ཚུལ། །བརྗོད་དཀའ་བརྗོད་ཀྱང་བརྗོད་ནུས་མ་ཡིན་མོད། །དད་པས་དད་ལྡན་དད་པ་བསྐྱེད་ཕྱིར་དང་། །ལོག་སྨྲ་ལོག་ཞུགས་ལོག་རྟོག་ལྡོག་ཕྱིར་དང་། །ཡིད་སྐྱོན་ཡིད་གཉིས་ཡིད་རབ་བསྒྱུར་བའི་ཕྱིར། །ལུང་བསྟན་ལུང་རྣམས་ལུང་བཞིན་བཤད་པ་ཡི། །ཚིག་འདིས་ཚིག་ངན་ཚིག་རྣམས་ཚིག་མེད་བྱས། །དེ་ལ་རྒྱལ་པོའི་བཀའ་ཆེམས་བཀའ་ཁོལ་མར། །དེ་ནས་ཁྱད་པར་བསྙེན་བཀུར་ཆེར་མཛད་པས། །དེ་ཡི་གར་ཕྱོགས་ཞེས་པ་ཙོང་ཁར་ངེས། །སྙིང་པོའི་མཐའ་རྟེན་ཞེས་པ་བླ་མའི་མཚན།། ཀུན་དགའ་སྙིང་པོར་རོལ་པའི་རྡོ་རྗེས་གསོལ། །ཞལ་ཡང་བསྒྱུར་ཞིང་ཞེས་པ་ཇོ་བོ་ལ། །དབུ་རྒྱན་ཕུལ་བའི་ཁུངས་སུ་འཁྲུལ་པ་མེད། །བསྙེན་བཀུར་དམ་པ་མཛད་ཅེས་གསུངས་པའི་དོན། །ཐུབ་པའི་དབང་པོས་རྒྱ་གར་འཕགས་ཡུལ་དུ། །ཁྲ་བླ་ཡར་ངོའི་ཚེས་གྲངས་བཅོ་ལྔའི་བར། །ངོ་མཚར་ཆོ་འཕྲུལ་མི་འདྲ་བཅོ་ལྔ་བསྟན། །དེ་དང་རྗེས་མཐུན་རྒྱལ་བ་གཉིས་པས་ཀྱང་། །འཕགས་ཡུལ་གཉིས་པ་ཆོས་འཁོར་ལྷ་ས་རུ། །ཡོངས་ལ་གྲགས་པའི་དུས་ཆེན་བཅོ་ལྔ་ཡི། །དཀར་པོའི་ཕྱོགས་ལ་མཐོང་ཐོས་དྲན་རེག་ཀུན། །དོན་དང་ལྡན་པའི་ཇོ་བོ་རྣམ་གསུམ་ལ། །སྣ་ཚོགས་རིན་ཆེན་འདུས་པའི་དབུ་རྒྱན་སོགས། །མཆོད་པའི་བྱེ་བྲག་མི་འདྲ་བཅོ་བརྒྱད་བཅོ་ལྔས་མཆོད། །དེ་བཞིན་དགེ་འདུན་ཁྲི་ཕྲག་བསྙེན་བཀུར་ཞིང་། །སྟོན་པའི་འཁྲུངས་རབས་ལ་སོགས་ཆོས་ཆར་ཕབ། །དེ་ཡི་མཐུ་ལས་ངོ་མཚར་ཆོ་འཕྲུལ་ལྟས། །བརྗོད་བྲལ་བསམ་གྱིས་མི་ཁྱབ་བྱུང་ཚུལ་རྣམས། །ཕྱོགས་ཙམ་རྣམ་ཐར་དཀར་ཆག་གསུམ་དུ་གསལ།།དེ་ལྟར་རཏྣ་གླིང་པའི་གཏེར་ཡིག་ཏུ། །དགེ་ལྡན་ཞེས་བྱའི་དགོན་གནས་དམ་པ་རུ། །ཞེས་སོགས་ལུང་བསྟན་མཐའ་ཡས་འཁྲུལ་པ་མེད། །དཔྱོད་ལྡན་རྣམས་ལ་ཐེ་ཚོམ་མི་འཚལ་མོད། །ཀུན་སློང་སྐྱོན་ཅན་གཏེར་ཡིག་འདི་འདྲ་ཡིས། །རྟོག་དཔྱོད་ (མ་དཔེར། རྟོགས་བརྗོད་ཅེས་གསལ) མེད་པའི་སྐྱེ་བོ་བསླུ་མཐོང་བས། །འདི་ནི་བརྫུན་མ་ཁོ་ནར་བཤད་པར་སྣང་། །རྒྱུ་མཚན་རྣམ་ཐར་པདྨ་ཐང་ཡིག་ལས། །འགོས་ཀྱི་དགོན་པ་ཕག་རིའི་རྫོང་ལ་འགེབས། །ལ་སྟོད་སྟག་རིར་དུག་གི་ཚོང་དུས་འོད། །མེ་སྤར་མཚོ་ལ་སྦས་པའི་གཏེར་ཁ་འདི། །མ་བཞག་འདོན་པའི་རྟགས་དེར་བསྟན་ནས་འོང་། །ཨུ་རྒྱན་པདྨ་གླིང་པ་ཞེས་བྱ་འབྱུང་། །ཞེས་གསུངས་དེ་ལྟར་སྤྲུལ་སྐུ་པད་གླིང་དངོས། །རིན་ཆེན་སྒང་གི་དགོན་སྡེ་བཅོམ་སྐབས་སུ། །འབྱུང་བར་གསུང་འདིས་གསལ་བར་བསྟན་པས་ན། །ལུང་བསྟན་བརྙེས་པའི་པདྨ་གླིང་པ་དང་། །སྔོན་བྱུང་པད་གླིང་བརྫུན་མ་གཉིས་ཀྱི་བར། །མི་རབས་གཉིས་ཙམ་སོང་བས་དུས་མི་མཚུངས། །འདི་ནི་གཏེར་སྟོན་འབྱུང་དུས་འགལ་བའི་སྐྱོན། །དེས་ནས་གཏེར་སྟོན་རྒྱལ་པོ་པད་གླིང་པ། །གདུལ་བྱའི་དབང་གིས་སྦས་པའི་ཚུལ་གྱི་བྱོན།། ཅི་ཕྱིར་ཞེ་ན་ཨོ་རྒྱན་འཁྲུལ་མི་མངའ། །དེ་བཞིན་འདོན་པའི་ཡུལ་ལའང་སྐྱོན་ཆགས་ཏེ། །ལུང་བསྟན་བཞིན་དུ་པདྨ་གླིང་པས་ནི། །ཟབ་གཏེར་མེ་སྦར་མཚོ་ནས་འདོན་པར་གསུངས། །པད་གླིང་བརྫུན་མས་ཡར་འབྲོག་མཚོ་ནས་བཏོན། །དེས་ན་འདོན་པའི་ཡུལ་ཀྱང་འཁྲུལ་བ་ཡིན། །གཏེར་ཡིག་ཚིག་ལའང་ཡིད་བརྟན་མི་རུང་སྟེ། །ལེགས་སྐར་སོགས་ཀྱིས་སྟོན་པ་སྨད་ཚུལ་ཚུན། །ངེས་དོན་དངོས་གནས་ཡིན་ན་འདུལ་ལུང་ལས། །སངས་རྒྱས་དངོས་ལ་སྨད་པའི་རྣམ་སྨིན་འབྲས། །བསྐལ་པར་མནར་མེད་གནས་པར་གསུངས་པ་དང་། །བསྐལ་ཆེན་གཅིག་ལའང་བར་བསྐལ་བརྒྱད་ཅུའི་ཡུན། །བར་བསྐལ་རེ་རེ་ཙམ་གྱི་ཡུན་ཚད་ལའང་། །རྒྱ་དཔང་དཔག་ཚད་གཅིག་གི་ཁྱོན་ལྡན་རྫིང་། །སྐྲ་ཡིས་ཡོངས་གང་ལོ་བརྒྱར་ལོན་པ་དང་། །སྐྲ་ཉག་རེ་ཙམ་བཏོན་པས་རྫོགས་པའི་ཚད། །བར་བསྐལ་གཅིག་ཙམ་རྫོགས་པ་བླ་མ་བཞེས་བཞེད། །དེས་ན་དགེ་སློང་ལེགས་པའི་སྐར་མ་དང་། །རྒྱལ་བ་བློ་བཟང་གྲགས་པའི་བར་ཙམ་ལ། །བསྐལ་ཆེན་ཚེ་ཚད་རྫོགས་པ་ལྟ་ཅི་སྨོས། །བར་བསྐལ་གཅིག་གི་སྟོད་ཆའང་མ་རྫོགས་པས། །འདུལ་བ་ལུང་དང་འགལ་བ་ཁོ་ནར་སྣང་།། གཞན་ཡང་གནོད་བྱེད་མང་སྟེ་བཏང་སྙོམས་བཞག །ཐང་ཡིག་ནང་དུ་འདྲ་མིན་མང་བཤད་ཀྱང་། །ཆོས་སྐྱོན་མ་ཡིན་རྗེས་འཇུག་འཕྲི་བསྣན་ལྷད། །ཡང་ན་ཕྱི་མ་མ་དག་རིམ་བརྒྱུད་སྐྱོན། །ཞེས་སོགས་མང་དུ་གསུངས་སོ། །