From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
པོ་ཏ་ལ
|
Tibetan Definition
|
<པོ་ཊ་ལ> 1 རྩེ་པོ་ཏ་ལའམ་ཕོ་བྲང་པོ་ཏ་ལ་ནི། བོད་ཀྱི་རྒྱལ་ས་ལྷ་སའི་རི་བོ་པོ་ཏ་ལའི་སྟེང་དུ་ཡོད་ཅིང་། སྤྱི་ལོའི་དུས་རབ་བདུན་པར་ཆོས་རྒྱལ་སྲོང་བཙན་སྒམ་པོས་སྐབས་དེར་ཕོ་བྲང་ཞིག་གསར་དུ་བཞེངས་ཏེ་ཕོ་བྲང་དམར་པོའི་རི་ཞེས་གྲགས་པ་དེའོ། །འདི་ལ་པོ་ཏ་ལ་ཞེས་བརྗོད་པའི་རྒྱུ་མཚན་ནི། བོད་ཀྱི་ཡུལ་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་ལ། ཆོས་རྒྱལ་འདི་ཡང་བོད་ཀྱི་འགྲོ་བ་རྣམས་གདུལ་བའི་ཕྱིར་སྤྱན་རས་གཟིགས་རྒྱལ་པོའི་རྣམ་འཕྲུལ་དུ་བྱོན་པ་ཡིན་པས། དེའི་བཞུགས་ཡུལ་ལ་ཡང་པོ་ཏ་ལ་ཞེས་མཚན་ཐོགས་པ་ཡིན་ནོ། །དེབ་སྔོན་ལ་གཞི་བྱས་ཏེ་བཀོད། འདི་སྐོར་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ལྷ་ས་དང་པོ་ཏ་ལ་ཟུང་གི་ཚད་སྐོར་དང་། དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་པོ་༢༠དང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་སོགས་ཀྱི་གསུང་ལ་བལྟ་བར་བྱའོ། ། 2 པོ་ཏ་ལ་ནི་ལེགས་སྦྱར་གྱི་པོ་ཊ་ལ་ཟུར་ཆགས་པ་སྟེ་བོད་སྐད་དུ་གྲུ་འཛིན་ཟེར། འདི་ནི་འཛམ་བུ་གླིང་གི་ལྷོ་ཕྱོགས་རྒྱ་མཚོའི་གླིང་ན་རི་བོ་གྲུ་འཛིན་ཞེས་བྱ་བའི་རྩེ་མོ་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། རྩ་བ་ན་རྗེ་བཙུན་སྒྲོལ་མ་བཞུགས་པའི་གནས་ཤིག་སྟེ། ལོ་རྒྱུས་ནི། ཡུལ་པུཎྜ་ཝརྡྷ་ནའི་ནགས་ཚལ་ན་དགེ་བསྙེན་ཞི་བའི་གོ་ཆ་ཞེས་པ་ཞིག་སྤྱན་རས་གཟིགས་བསྒྲུབས་ཤིང་གྲུབ་པའི་རྟགས་ཀྱང་ཕལ་ཆེར་བྱུང་བ་ཞིག་ཡོད་ལ། རྒྱལ་པོ་ཤུ་བྷ་ས་ར་ཞེས་བྱ་བའི་རྨི་ལམ་དུ་འཕགས་པ་སྤྱན་རས་གཟིགས་སྤྱན་དྲངས་ན་ཡུལ་འདིར་འབྱོན་པས། འཛམ་བུ་གླིང་དུ་མུ་གེ་དང་རིམས་ནད་རྒྱུན་ཆད་ཅིང་བདེ་བར་འགྱུར་ལ། དེའི་དོན་དུ་ནགས་ཚལ་ན་གནས་པའི་དགེ་བསྙེན་འདི་ལྟ་བུ་རི་བོ་པོ་ཏ་ལར་རྫོངས་ཤིག་ཅེས་བྱུང་བས་རྒྱལ་པོས་དགེ་བསྙེན་བོས་ཏེ། མུ་ཏིག་གི་ཕྲེང་བ་དང་སྤྱན་འདྲེན་པའི་ཡི་གེ་བཏད། ལམ་རྒྱགས་པ་ཎ་དག་ཀྱང་བྱིན་པ་ན། དགེ་བསྙེན་གྱིས་རྒྱལ་པོའི་བཀའ་གཅོག་མ་ནུས་པར་པོ་ཏ་ལའི་ལམ་ཡིག་ཐོགས་ཏེ་སོང་། མཐར་དྷ་ན་ཤྲཱིའི་གླིང་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་སླེབས། དེ་ནས་པོ་ཏ་ལར་འགྲོ་བའི་ལམ་ས་འོག་ཏུ་ཅུང་ཟད་བརྒྱུད་ནས་ཕྱིན་པ་ན། སླར་ས་སྟེང་ནས་འགྲོ་ས་ཡོད་པ་དེང་སང་ནི་རྒྱ་མཚོ་ལུད་པས་ས་གཞི་ནོན་ཏེ་མིས་ཐར་པ་མེད། སྔོན་གྱི་དུས་དེ་ཙམ་ན་ལམ་ཡོད་པས་དེ་ལས་བརྒྱུད་ནས་སོང་། དེར་ཆུ་བོ་ཆེན་པོ་ལ་མ་ཐར་བ་ན། ལམ་ཡིག་ལྟར་སྒྲོལ་མ་ལ་གསོལ་བ་བཏབ་པས་རྒན་མོ་ཞིག་གིས་གྲུ་བཏང་ནས་བསྒྲལ། ཡང་མཚོ་གཅིག་ལ་མ་ཐར་བ་ན། ཁྲོ་གཉེར་ཅན་མ་ལ་གསོལ་བ་བཏབ་པས་བུ་མོ་ཞིག་གིས་གཟིངས་བཏང་ནས་བསྒྲལ། ཡང་ནགས་ཀྱི་མཐའ་མེ་འབར་བ་ནས་མ་ཐར་བ་ལ། རྟ་མགྲིན་ལ་གསོལ་བ་བཏབ་པས་ཆར་ཕབ་སྟེ་ཞི། འབྲུག་སྒྲས་ལམ་བསྟན། ཡང་ངམ་གྲོག་གཏིང་དཔག་ཚད་མང་པོ་ཡོད་པས་ལམ་བཅད་དེ་འགྲོ་མ་ཐུབ་པ་ལ། རལ་ཅིག་མ་ལ་གསོལ་བ་བཏབ་པས་སྦྲུལ་ཆེན་པོས་ཟམ་པ་བྱས་ཏེ་ཕྱིན། དེ་ནས་སྤྲེའུ་གླང་པོ་ཆེའི་ལུས་ཙམ་པ་མང་པོས་ལམ་བཀག་ནས་འདུག་པ་ལ། དོན་ཡོད་ཞགས་པ་ལ་གསོལ་བ་བཏབ་པས་སྤྲེའུ་ཆེན་པོ་དེ་རྣམས་ཀྱིས་ལམ་ཕྱེ་ཞིང་བཟའ་བཅའ་བཟང་པོ་དག་བྱིན། དེ་ནས་རི་བོ་པོ་ཏ་ལའི་རྩ་བར་སླེབས་ནས་བྲག་རི་ལ་མ་ཐར་ཏེ། འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་པས་སྦ་ཐག་གི་སྐས་བྱུང་ནས་དེ་ལ་འཛེགས། དེ་ནས་ཕྱོགས་ཐམས་ཅད་རྨུགས་པས་ནོན་ཏེ་ལམ་མ་རྙེད། ཡུན་རིང་དུ་གསོལ་བ་བཏབ་པས་ན་བུ་དེངས། རི་དེའི་གསུམ་ཆ་ལ་སྒྲོལ་མའི་སྐུ་བརྙན་དང་། རི་སྐེད་ན་ཁྲོ་གཉེར་ཅན་མའི་སྐུ་བརྙན་སོགས་མཐོང་། རིའི་རྩེ་མོར་ཕྱིན་པ་ན་གཞལ་མེད་ཁང་སྟོང་པ་ན་མེ་ཏོག་ཐོ་རེ་བ་ལས་གཞན་སུ་ཡང་མ་མཐོང་། དེར་ཕྱོགས་གཅིག་ཏུ་གསོལ་བ་འདེབས་ཀྱིན་ཟླ་བ་གཅིག་ཏུ་བསྡད་པས། ནམ་ཞིག་ན་བུད་མེད་ཅིག་འོངས་ནས་འཕགས་པ་བྱོན་པས་འདིར་ཤོག་ཅིག་ཟེར་ཏེ་ཁྲིད་ནས་ཕོ་བྲང་གི་སྒོ་རིམ་པ་སྟོང་ཕྱེ་བ་ལས། སྒོ་རེ་རེ་ཕྱེ་བས་ཏིང་ངེ་འཛིན་རེ་རེ་སྐྱེས། འཕགས་པ་ལྷ་ལྔ་དང་དངོས་སུ་མཇལ། མེ་ཏོག་སྐུ་ལ་གཏོར། རྒྱལ་པོའི་ཡི་གེ་དང་རྟེན་ཕུལ། འཛམ་བུའི་གླིང་དུ་འབྱོན་པར་གསོལ་བ་བཏབ་པས་ཞལ་གྱིས་བཞེས་ཏེ་དགེ་བསྙེན་ལ་ལམ་རྒྱགས་པ་ཎ་མང་པོ་གནང་། འདི་ཙམ་གྱི་འཚོ་བ་ལ་བརྟེན་ནས་ཁྱོད་ཡུལ་དུ་སླེབས་པར་འགྱུར་གྱི་པ་ཎ་ཟད་པ་ན་འོང་ངོ་། །ཞེས་གསུངས་ཤིང་ལམ་བསྟན། རི་སྐེད་དང་རིའི་རྩ་བའི་སུམ་ཆ་ན་ཡོད་པའི་སྐུ་བརྙན་ཚོ་ཡང་སྐུ་དངོས་སུ་མཐོང་། ཚུར་འོངས་པ་ན་ཞག་བཅོ་ལྔ་ན་རང་གི་གནས་དེར་སླེབ་རྒྱུའི་བཅུ་བཞི་སོང་བའི་ཉིན་མོ་པུཎྜ་ཝརྡྷ་ནའི་རི་མཐོང་བས་རབ་ཏུ་དགའ་སྟེ། པ་ཎ་ལྷག་པོས་བཟའ་བཏུང་ལྷག་པར་ཉོས་ཏེ་ཟོས། རྒྱལ་པོའི་གྲོང་ཁྱེར་དུ་མ་སླེབས་པར་རང་གི་སྒྲུབ་གནས་དང་ཉེ་བར་སླེབ་པའི་ཚེ་པ་ཎ་ཟད། ས་དེར་བསྡད་ནས་ཉིན་རངས་པོར་འཕགས་པ་འབྱོན་ནམ་སེམས་པ་ལས་མ་བྱོན། ནམ་ཕྱེད་ན་གཉིད་དུ་ཕྲིལ་སོང་བ་ན་རོལ་མོའི་སྒྲ་གྲགས་པས་གཉིད་སད། ནམ་མཁའ་ན་ལྷ་རྣམས་མཆོད་པ་བྱེད་ཀྱིན་འདུག སུ་ལ་མཆོད་དྲིས་པས་འཛམ་བུ་གླིང་པའི་ཁྱེའུ་རྨོངས་པ་ཁྱོད་ཉིད་རྒྱབ་རྟེན་པའི་ཤིང་ལ་འཕགས་པ་འཁོར་བཅས་བྱོན་ནོ་ཟེར། བལྟས་པས་ཤིང་གི་ངོས་ལ་ལྷ་ལྔ་དངོས་སུ་བྱོན་འདུག་པས་ཕྱག་བཙལ་གསོལ་བ་བཏབ། རྒྱལ་པོའི་ཡུལ་དུ་འབྱོན་པར་ཞུས་ཀྱང་དང་པོ་པ་ཎ་མ་ཟད་ན་དེ་ལྟར་ཡིན་ཀྱང་དེ་ནི་འདི་ཁོ་ན་ལྟར་གནས་སོ་གསུང་། དེ་ནས་རྒྱལ་པོ་ལ་སྦྲན་པས་མ་མགུ་བར་དགེ་བསྙེན་ལ་གླ་རྔན་གཅིག་ཀྱང་མ་བྱིན་སྐད། དེ་ནས་ནགས་ཚལ་དེར་ལྷ་ཁང་བཞེངས། ཁ་སརྤ་ཎིའི་གཙུག་ལག་ཁང་དུ་གྲགས་ཏེ། ཁ་སརྤ་ཎ་ནི་ནམ་མཁའ་གཤེགས་ནས་བྱོན་པའི་ཕྱིར་མཁའ་སྤྱོད་དམ་པ་ཎ་ཟད་པའི་ཚེ་བྱོན་པས་པ་ཎ་ཟད་པ་ཞེས་བྱ་བ་ཡིན་ཟེར་ཡང་མཁའ་སྤྱོད་དུ་བསྒྱུར་བ་ནི་ཤིན་ཏུ་ལེགས་ཤིང་། གཅིག་ཤོས་དང་མཐུན་པར་བསྒྱུར་ན། ཁར་ཟ་ནི་ཟས་ཀྱི་རིན་ཀྱི་སྐད་དོད་ཡིན་ལ། པ་ཎ་ནི་དངུལ་གྱི་དོང་ཙེ་ད་ལྟ་ཊང་ཁར་གྲགས་པ་འདི་ཡིན་པས། ཟས་རིན་དོང་ཙེའི་དོན་ཡིན་ནོ། །དེ་ལྟར་ནི་རྒྱ་གར་གྱི་སྤྱི་ཁྱབ་ཏུ་གྲགས་པ་ལྟར་རོ། །ཉི་ཁྲི་ལེ་བརྒྱད་མའི་ལོ་རྒྱུས་ལྟར་ན། རྒྱལ་པོས་བསྐུལ་བའི་འཕྲོས་མེད་པར་པོ་ཏ་ལར་ལན་གསུམ་བྱོན་པའི་དང་པོ་ཁོང་རང་ཉིད་ཀྱིས་མཇལ་བའི་དོན་དང་། གཉིས་པ་མངོན་རྟོགས་རྒྱན་དང་མདོ་མ་མཐུན་པའི་དོགས་གཅོད་ལ་ཝཱ་རཱ་ཎ་སཱིའི་དགེ་འདུན་གྱིས་བཏང་བ་ཡིན་ནའང་། དེ་མ་ཞུས་པར་འཕགས་པ་ཁ་སརྤ་ཎ་ཉིད་སྤྱན་དྲངས། ཁ་སརྤ་ཎ་ལ་ཞུས་པས། ངས་སྤྲུལ་པ་ཡིན་པས་མི་ཤེས་གསུངས་ནས། ལན་གསུམ་པ་དེའི་དོགས་གཅོད་ལ་པོ་ཏ་ལར་བྱོན་ནས་ཉི་ཁྲི་ལེ་བརྒྱད་མ་ཡང་སྤྱན་དྲངས་ཟེར་རོ། །དགེ་བསྙེན་དེ་ལ་འཕགས་པ་ཁ་སརྤ་ཎ་ལྷ་ལྔ་དངོས་སུ་སྣང་ཞིང་། དུས་དེར་མཆོད་པ་ཡང་མངོན་སུམ་དུ་བཞེས་པ་ལས། དགེ་བསྙེན་དེ་ཡོ་བྱད་ལ་བལྟས་ནས་ཆོམ་རྐུན་པས་བཀྲོང་བར་བརྩམས་པའི་ཚེ། མྱོང་བར་ངེས་པའི་ལས་ཀྱི་མཐུར་ཤེས་ནས། མགོ་བོ་འཕགས་པའི་ཕྱག་ཏུ་ཕུལ་ཞིག་བྱས་ནས། ཆོམ་རྐུན་པས་ཀྱང་དེ་བཞིན་དུ་བྱས། འཕགས་པས་སྤྱན་ཆབ་ཕྱུང་བ་ཀླད་ཁུང་དུ་སོང་བས་དེ་ཐམས་ཅད་རིང་བསྲེལ་དུ་གྱུར། དེ་ཕྱིན་ཆད་མཆོད་པ་དངོས་སུ་མ་བཞེས་ཞེས་གྲགས་སོ། །ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ལྟར་བཀོད་དོ། །༼ པོ་ཏ་ལར་འགྲོ་བའི་ལམ་ཡིག ༽བསྟན་འགྱུར་རྒྱུད་༼ ཚུ་པར ༽བཞུགས། པོ་ཊ་ལ་ཀར་འགྲོ་བའི་ལམ་ཡིག་རྗེ་བཙུན་སྤྱན་རས་གཟིགས་ཀྱི་ཞལ་སྔ་ནས་གསུངས་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཨ་བྷི་ཡུཀྟ་དེ་ཝ་ཤྲཱི་དང། བོད་ཀྱི་ལོ་ཙཱ་བ་དྷརྨ་ཡོན་ཏན་གྱིས་ཇི་ལྟར་རྙེད་པར་བསྒྱུར། །གཞན་ཡང་ཀརྨ་ཆགས་མེད་ཀྱི་རི་ཆོས་ལས། ཆགས་མེད་རི་ཆོས་ལས། དུས་དེངས་སང་ཡིག་དྲུག་འདོན་མཁན་ཀུན། གནས་པོ་ཊ་ལ་རུ་སྨོན་ལམ་འདེབས། ལྷ་སྒྲུབ་ཐབས་འགའ་ནས་དེ་ལྟར་བཤད། རྒྱ་དཀར་པོའི་སྐད་དུ་པོ་ལ། བོད་སྐད་དུ་རི་བོ་གྲུ་འཛིན་ཡིན། དེ་ཞིང་ཁམས་མ་ཡིན་གནས་རི་ཡིན། ལས་དག་པ་རྣམས་ཀྱི་སྣང་ངོ་ལ། རི་རྩེ་མོར་རིན་ཆེན་གཞལ་ཡས་ཁང། གདན་པདྨ་ཉི་ཟླ་བརྩེགས་པའི་སྟེང་། ལྷ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། འཁོར་རིག་འཛིན་ཌཱ་ཀི་ལྷ་ཀླུའི་བསྐོར། རི་སྐེད་པར་རིན་ཆེན་གཞལ་ཡས་སུ། ལྷ་ཁྲོ་གཉེར་ཅན་དང་རྟ་མགྲིན་སོགས། རི་རྩ་བར་རིན་ཆེན་གཞལ་ཡས་སུ། ལྷ་སྒྲོལ་མ་དཀར་སྔོན་ལ་སོགས་བཞུགས། དེ་མ་དག་འཁྲུལ་པའི་སྣང་ངོ་ལ། རི་བྱེ་རི་ཆེན་པོའི་ཙན་དན་ནགས། རྩེར་རང་བྱུང་རྡོ་ཡི་ལྷ་ཁང་ནང་། ལྷ་ཁ་སར་པ་ཎི་རང་བྱོན་གྱི། སྐུ་ལོ་བརྒྱད་བུ་ཆུང་ན་ཚོད་ཅན། རྒྱབ་ བཻཌཱུརྱ་ཡི་བྲག་རི་ལ། དངུལ་ཞུན་མའི་རང་བྱོན་ཡིག་དྲུག་ཡོད། དེ་དངོས་སུ་ཕྱིན་ཡང་མཇལ་བས་ཆོག དེ་དགེ་བསྙེན་ལྕགས་ཀྱི་རྐང་པ་ཅན། རྗེ་རིན་ཆེན་གླིང་པའི་རྣམ་ཐར་གསལ། ཞེས་གསུངས་སོ། །གཞན་ཡང་། མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ལས། རྒྱལ་གྱི་ལྷ་ཁང་དུ་ཨ་ཙ་ར་ཞིག་ཕྱིན་ནས། རྒྱ་གར་པོ་ཏ་རིའི་བྷ་དྲ་ཕུག་པར་སྒོམ་པའི་པཎྜི་ཏ་ཞིག་འདིར་བོད་དུ་སྐྱེས་ནས་ལབ་སྒྲོན་དུ་གྲགས་པ་དེ། དེང་སང་གར་ཡོད་ཟེར་བའི་མངོན་ཤེས་མཁྱེན་པ་ཞིག་འདུག་ཟེར་སྐད། དེའི་ནུབ་མོ་དཔོན་མོ་ཆུང་ཆུང་གི་རྨི་ལམ་དུ། མཁའ་འགྲོ་མ་དཀར་མོ་ཞིག་གིས། རྒྱ་གར་ནས་ཨ་ཙ་ར་ནག་པོ་ཞིག་འདིར་བྱོན་ནས། སང་ཁྱེད་རང་ལ་མཇལ་དུ་འོང་ཟེར། ཨ་ཙ་ར་དེ་སུ་ཡིན་བྱས་པས། དམ་པ་བྱ་བ་ཡིན་ཟེར། ཞེས་གསུངས། གོང་གི་ལུང་གཉིས་པོ་དེ་དག་དྲ་གྲོགས་དཔལ་བཀའ་བརྒྱུད་པའི་དྲ་གྲོགས་ཡེལ་པ་བས་མཁོ་འདོན་གནང་བར་འདིར་བཀོད་དོ། །འགའ་ཞིག་གིས་པོ་ཏ་ལ་རྒྱ་ནག་གི་ཕུ་འུ་ཏོ་ཧྲན་Putuoshan ཞེས་བྱ་བའི་གནས་རི་ལ་ངོས་འཛིན་མཁན་ཡོད་ཀྱང་། དེ་ལ་ལུང་རིགས་དུ་མས་གནོད་ཅིང་། ཅི་སྟེ་པོ་ཏ་ལ་ཞིག་ཡོད་ན་ངེས་པར་རྒྱ་གར་དུ་ཡོད་དགོས་སོ། །པོ་ཏ་ལ་ནི་འཕགས་བོད་ཀྱི་གཞུང་མང་པོར་རྒྱ་གར་རྡོ་རྗེ་གདན་གྱི་ལྷོ་ཕྱོགས་སུ་ཡོད་པར་བཤད་དེ། མཆིམས་མཛོད་༢༨༩ལས། གཞན་ཡང་གླིང་འདིའི་ནུབ་ན་ཨོ་རྒྱན་རྡོ་རྗེ་ཆེན་པོའི་ཕོ་བྲང་ན་རིག་པ་འཛིན་པ་རྣམས་ཀྱི་གནས་དང་། ལྷོ་ཕྱོགས་རྒྱ་མཚོའི་གླིང་ན་གྲུ་འཛིན་ཞེས་བྱ་བའི་རྩེ་མོ་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། རྩ་བ་ན་རྗེ་བཙུན་སྒྲོན་མ་བཞུགས་པའི་གནས་དང་། རྒྱའི་རི་བོ་རྩེ་ལྔ་ན་འཕགས་པ་འཇམ་དཔལ་བཞུགས་པའི་གནས་དང་། ཡུལ་དབུས་ན་དུས་གསུམ་གྱི་སངས་རྒྱས་བཞུགས་པའི་རྡོ་རྗེའི་གདན། ཞེས་རྒྱ་གར་རྡོ་རྗེ་གདན་དབུས་ན་ཡོད་པ་དེའི་ཤར་ནུབ་སོགས་ལ་བརྩིས་པ་ཤིན་ཏུ་གསལ་ལོ། །འདིས་ཤར་ཕྱོགས་རྒྱ་ནག་གི་ཕུ་འུ་ཏོ་ཧྲན་ Putuoshan ཞེས་བྱ་བའི་གནས་རི་པོ་ཏ་ལ་ཡིན་པའི་དོགས་པ་ཡང་སེལ་ལོ། །3 ཕོ་བྲང་པོ་ཏ་ལ་ཆགས་སའི་རི་དེའི་མིང་ལ་དམར་པོ་རིའམ་པོ་ཏ་ལ་ཟེར་ལ། ཕྱིས་སུ་རིའི་མིང་ཕོ་བྲང་ལ་ཐོགས་པར་ངེས་ཤིང་། འདི་ཡང་རི་བོ་གྲུ་འཛིན་ཞེས་བྱ་བ་འཕགས་པ་སྤྱན་རས་གཟིགས་ཀྱི་གནས་རི་དེའི་མཚན་འདི་ལ་བཏགས་སོ། །4 ཡང་བཤད་ཚུལ་གཞན་ཞིག་ལ། པོ་ཊ་ལ་ཡང་སྔོན་གྱི་ལོ་ཙཱ་བ་ཞིག་གིས་འབྲུག་ཡུལ་གྱི་ལྷོ་ངོས་གཙང་པོའི་ཆུ་མཇུག་གི་གླིང་ཞིག་ཏུ་མཇལ་ཞིང་། རིའི་རྩེ་མོའི་རྡོ་ཁང་ནང་གི་སྤྱན་རས་གཟིགས་ཀྱི་སྐུ་རུ་རུ་ཀཱས་བརྐུས་ནས་མི་འདུག་གསུངས་པ་སོགས་དེབ་སྔོན་དུ་བཀོད་པ་དེ་ཡིན་པས་མདོར་ན། ཡུལ་རྣམས་ནི་ཐོས་ན་དགའ་བས་མཉན་པར་བྱ་ཡི། བགྲོད་པར་མི་བྱ་གསུངས་པ་ཤིན་ཏུ་བདེན་པ་ཤེས་དགོས། ཞེས་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས་གསུངས། 5 ཡང་བཤད་ཚུལ་གཞན་ཞིག་ལ། གཏམ་རྒྱུད་གསེར་གྱི་ཐང་མའི་གོང་གི་འཕྲོ་ཉིད་ལས། དེ་བཞིན་དུ་བཙུན་པ་ཝེན་ཚེགས་ (འདི་རྒྱའི་བཙུན་པ་ཐང་ཟན་ཙང་ལ་ཟེར་རྒྱུ་ཡིན་མོད། འོན་ཀྱང་དགེ་འདུན་ཆོས་འཕེལ་གྱིས་ནོར་ནས་ཝེན་ཚེགས་ཞེས་བྲིས་ཤིང་། ཝེན་ཚེགས་ནི་ཐང་ཟན་ཙང་གི་སློབ་མ་ཡིན་ཞེས་ཤོད་མཁན་ཡང་འདུག འདི་ཕལ་ཆེར་ཐང་ཟན་ཙང་གི་ལམ་ཡིག་ཡིན་པར་སྙམ།) ཀྱིས་པོ་ཊ་ལ་མ་ལ་ཡའི་རི་དང་ཉེ་བར་ཡོད་གསུངས་ཤིང་བྲག་རི་གཟར་བས་མི་རེ་གཉིས་ལས་ཐར་དཀའ། རྩེ་མོར་མཚོ་ཆུང་གཅིག་དང་འགྲམ་ན་རྡོའི་ལྷ་ཁང་ཞིག་ཡོད་པར། དད་པ་ཅན་རྣམས་ཀྱིས་སྤྱན་རས་གཟིགས་མུ་སྟེགས་ཀྱི་དྲང་སྲོང་དང་། ལྷ་ཆེན་པོ་སོགས་ཀྱི་རྣམ་པར་མཇལ། མཚོ་ཆུང་དེ་ནས་ཆུ་མིག་འཐོན་པ་བསྐོར་ནས་རྒྱ་མཚོར་འདྲེས། རིའི་རྩ་བར་གྲོང་ཁྱེར་ཡོད་པ་དེ་ནས་མཚོ་བརྒྱུད་དེ་སིངྒ་ལར་འགྲོ་བ་ཡིན་གསུངས། ཞེས་གསུངས། དེས་ན་དངོས་མ་དེ་གང་དུ་ཡོད་མེད་ད་དུང་བརྩད་པར་བྱའོ། །6 ཡང་འགའ་ཞིག་གིས། ཕུ་འུ་ཏོ་ཧྲན་ Putuoshan ཞེས་བྱ་བའི་སྤྱི་ལེ་གྲུ་བཞི་མ་༡༢.༥ཡོད་པའི་རྒྱ་ནག་གི་ཤར་ཕྱོགས་ Zhejiang Province དུ་ཡོད་པའི་གླིང་ཕྲན་གྱི་གནས་རི་ཞིག་ཡོད་པ་དེ་ལ་ངོས་འཛིན་བྱེད། དེ་ནི་རྒྱ་ནག་གྱི་གནས་རྩ་ཆེན་བཞིའི་ཡ་གྱལ་ཞིག གནས་རི་འདིའི་སྐོར་ཞིབ་པར་གཟིགས་འདོད་ན་གཤམ་གྱི་དྲ་རྒྱར་གཟིགས། http://www.tripww.com/aaa/html/?110.html
|