4398

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པྲ་ཀ་ར་ཎ་སྡེ་བརྒྱད
Tibetan Definition དབྱིག་གཉེན་གྱིས་མཛད་པའི་པྲ་ཀ་ར་ཎའམ་རབ་ཏུ་བྱེད་པ་སྡེ་བརྒྱད་ནི། ཉི་ཤུ་པ། སུམ་ཅུ་པ། རྣམ་བཤད་རིགས་པ། ལས་གྲུབ་པའི་རབ་བྱེད། ཕུང་པོ་ལྔའི་རབ་བྱེད། རྟེན་འབྲེལ་མདོ་འགྲེལ། (ཁ་ཅིག་གིས་རྟེན་འབྲེལ་མདོ་འགྲེལ་མི་འདྲེན་པར། ཆོས་དང་ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ་འདྲེན་པའང་ཡོད་དོ། །བུ་སྟོན་རིན་ཆེན་གྲུབ། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་སོགས་མཁས་པ་མང་པོས་རྟེན་འབྲེལ་མདོ་འགྲེལ་འདྲེན་པར་བྱེད་དོ) དབུས་མཐའི་འགྲེལ་པ། མདོ་སྡེ་རྒྱན་གྱི་འགྲེལ་པ་རྣམས་སུ་ཡོད་པའི་ཕྱིར། པྲ་ཀ་ར་ཎ་ནི་ལེགས་སྦྱར་གྱི་སྐད་ཡིན་ལ། དེ་བསྒྱུར་ན་རབ་ཏུ་བྱེད་པ་ཞེས་པའོ། ། (བརྗོད་པའི་ཚེ།པར་ཀ་ར་ཎཞེས་ར་བཏགས་ར་རུ་བཀླགས་ཏེ་བརྗོད་པར་བྱའོ) འོ་ན་སྡེ་བརྒྱད་པོ་དེ་དག་གིས་བརྗོད་བྱ་གང་སྟོན་ཅེ་ན། ཆོས་ཐམས་ཅད་སེམས་ཙམ་དུ་སྟོན་པ་སུམ་ཅུ་པ། དེ་རིགས་པས་སྒྲུབ་པ་ཉི་ཤུ་པ། དེའི་གཞི་ཕུང་པོ་ལྔ་འཐད་པར་སྟོན་པ་ཕུང་པོ་ལྔ་པ། དེ་ལྟར་ཡིན་ཀྱང་བཤད་ཉན་འཐད་པར་སྟོན་པ་རྣམ་བཤད་རིགས་པ། སྒོ་གསུམ་གྱི་ལས་འཐད་པར་སྟོན་པ་ལས་གྲུབ་པའི་རབ་ཏུ་བྱེད་པ་སྟེ་རང་རྒྱུད་དུ་བརྩམས་པ་ལྔ་། ཕྱིན་དྲུག་སོགས་སྤྱོད་པ་རྒྱ་ཆེན་དང་། རྟེན་འབྲེལ་བཅུ་གཉིས་དང་། མཚན་ཉིད་གསུམ་འཐད་པར་སྟོན་པ་མདོ་སྡེ་རྒྱན། རྟེན་འབྲེལ་གྱི་མདོ། དབུས་མཐའ་དང་རྣམ་འབྱེད་གསུམ་གྱི་འགྲེལ་པ་སྟེ། གཞན་འགྲེལ་དུ་བརྩམས་པ་གསུམ་སྟེ་བརྒྱད་དོ། །ཞེས་བུ་སྟོན་ཆོས་འབྱུང་དུ་གསུངས་པ་ལྟར་རོ། །འདི་ལ་དོགས་གཅོད་འདི་ལྟར་ཡོད་དེ། ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་༡༣༡ལས། སློབ་དཔོན་ (དབྱིག་གཉེན) འདིས་མཛད་པའི་རྟེན་འབྲེལ་མདོ་འགྲེལ་སོགས་གཞན་འགྲེལ་གསུམ་པོ་པྲ་ཀ་ར་ཎ་སྡེ་བརྒྱད་ལ་བགྲང་བ་ཕྱོགས་འདིར་སྤྱི་ཁྱབ་ཏུ་བགྲངས་ཀྱང་། ཚིག་འགྲེལ་ལ་རབ་ཏུ་བྱེད་པའི་ཐ་སྙད་མི་སྦྱོར་ཞིང་། རྣམ་བཤད་རིག་པ་ལའང་རབ་ཏུ་བྱེད་པའི་ཐ་སྙད་འཇུག་དཀའོ། །དེ་ལ་རབ་ཏུ་བྱེད་པ་ནི་དོན་ཚན་གཙོ་ཆེ་བ་རེ་རེ་སྟོན་པའི་བསྟན་བཅོས་ཐོར་བུའི་མིང་ཡིན་པས། མདོ་སྡེ་རྒྱན་ལྟ་བུའི་གཞུང་ཆེན་མོ་ལའང་མི་ཟེར་ན། དེའི་ཚིག་འགྲེལ་ལ་ཟེར་བ་ལྟ་སྨོས་ཀྱང་ཅི་དགོས། རབ་ཏུ་བྱེད་པ་སྡེ་བརྒྱད་ལས་ལ་ལ་ལ་རབ་ཏུ་བྱེད་པའི་མིང་ཡོད་ལ། འགའ་ཞིག་ལ་མེད་པའང་མི་རིགས་སོ། །ཞེས་དོགས་གཅོད་དང་བཅས་པ་ལེགས་པར་གསུངས་འདུག་པས་དཔྱད་པར་འཚལ་ལོ། །པྲ་ཀ་ར་ཎ་སྟེ་རབ་ཏུ་བྱེད་པ་སྡེ་བརྒྱད་ཟེར་བཞིན་དུ། རྟེན་འབྲེལ་མདོ་འགྲེལ། དབུས་མཐའི་འགྲེལ་པ། མདོ་སྡེ་རྒྱན་གྱི་འགྲེལ་པ། རྣམ་བཤད་རིག་པ་བཅས་ལ་རབ་ཏུ་བྱེད་པའི་ཐ་སྙད་སྦྱར་མེད་ཅིང་། གཞན་རྣམས་ལ། ལས་གྲུབ་པའི་རབ་བྱེད། ཕུང་པོ་ལྔའི་རབ་བྱེད། ཉི་ཤུ་པའི་རབ་བྱེད། སུམ་ཅུ་པའི་རབ་བྱེད་ཅེས་འགའ་ཞིག་ལ་སྦྱར་ལ་འགའ་ཞིག་ལ་མི་སྦྱར་བའང་མི་འཐད་དོ། །ཞེས་ཏཱ་ར་ནཱ་ཐས་གནོད་བྱེད་བརྗོད་པ་ལའང་གོ་རྒྱུ་འདུག་གོ།