From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
པྲ་ཕབ
|
Tibetan Definition
|
<པྲ་སེ་ན> པྲ་མོ་འདེབས་པ་སྟེ། མེ་ལོང་གི་ངོས་སུ་བལྟས་ནས་ལྐོག་གྱུར་གྱི་དོན་གསལ་བར་སྟོན་པ་ལ་ཟེར། འདི་ལ་མེ་ལོང་བེད་སྤྱོད་བྱེད་མི་བྱེད་ཀྱི་རིགས་ཁ་ཤས་ཡོད་འདུག པྲ་ཞེས་པ་ལེགས་སྦྱར་གྱི་པྲ་སེ་ན་ཞེས་པའི་ཚིག་སྣ་བསྡུས་ཤིང་། སྤྱིར་ལེགས་སྦྱར་གྱི་པྲཞེས་པ། རབ་དང་། དང་པོ། ཡང་། མང་ཚིག་སོགས་མང་པོ་ལ་འཇུག་པར་བཤད་ཀྱང་། འདིར་ཕ་རོལ་ཏེ་བསྐལ་བའམ་ལྐོག་གྱུར་གྱི་དོན་ཡིན་པར་སེམས་སོ། །དེས་ན་ལྐོག་གྱུར་གྱི་དོན་གསལ་བར་སྟོན་པས་ཆ་ནས་པྲ་སེ་ན་ཟེར་བ་ཡིན་ན་སྙམ། ལོ་རྒྱུས་ནི། སྔོན་གྲྭ་ཚང་བྱེས་ལ་རྨོས་གླང་ཧ་ཅང་ལེགས་པོ་ཆ་གཅིག་ཡོད་པ་ཉིན་ཞིག་རྐུན་མས་ཁྱེར་ཏེ་གར་སོང་ཆ་མེད་དུ་གྱུར་པ་ན། གྲྭ་ཚང་ཕྱག་མཛོད་ཀྱིས་པྲ་མཁན་བུད་མེད་རྒན་མོ་ཞིག་ཡོད་པ་དེའི་སར་ཕྱིན་ནས་དྲིས་པས། པྲ་མཁན་གྱིས་གླང་དེ་གཉིས་གར་ཡོད་ཀྱི་ཕྱོགས་དང་ས་བབས། ཁོར་ཡུག་དང་གནས་ཁང་སོགས་ཀྱི་འགྲེལ་བཤད་རྣམས་གསལ་བར་བྱས་པ་བཞིན་འཚོལ་བར་ཕྱིན་པས། དཀའ་ཚེགས་མེད་པར་བདེ་བླག་ཏུ་རྙེད་པའི་ལོ་རྒྱུས་ཡོད། པྲ་མོ་འདེབས་པ་ལ་པྲ་མིག་ཟེར་བ་དེ་དགོས། པྲ་མིག་ནི་མེ་ལོང་གི་ངོས་སུ་འབྱུང་འགྱུར་གྱི་གནས་ཚུལ་མཐོང་ཐུབ་མཁན་གྱི་མིག་ལ་ཟེར་ལ། དེ་ནི་སྦྱངས་སྟོབས་ཀྱིས་བྱུང་བ་མིན་པར། ལྷན་སྐྱེས་ཀྱི་རང་ཆས་སུ་སྐྱེས་པའི་ཡོན་ཏན་ཞིག་ཡིན། མི་དཀྱུས་མའི་ནང་པྲ་མིག་ཡོད་པ་མང་ཙམ་ཡོད་ཅེས་བཤད་སྲོལ་ཡོད་དོ། །
|