From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕ་རྒྱུད
|
Tibetan Definition
|
འདི་ལ་རྫོགས་རིམ་གྱི་དབང་དུ་བྱས་པའི་ཕ་རྒྱུད་ཀྱི་དོན་དང་། བསྐྱེད་རིམ་གྱི་དབང་དུ་བྱས་པའི་ཕ་རྒྱུད་དོན་གཉིས་ཡོད་པ་ལས། དང་པོ་རྫོགས་རིམ་གྱི་དབང་དུ་བྱས་པ་ནི། སྒྱུ་ལུས་གཙོ་བོར་སྟོན་པའི་རྒྱུད་ལ་ཕ་རྒྱུད་ཟེར། བསྐྱེད་རིམ་གྱི་དབང་དུ་བྱས་ན། ཡས་བབས་མས་བརྟན་གྱི་དགའ་བཞི་ཚིག་ཟིན་ལ་མེད་ཅིང༌། བར་དོ་ལམ་འཁྱེར་གྱི་ལྷ་སྐུའི་རྣལ་འབྱོར་ཡོད་པ་ལ་ཕ་རྒྱུད་ཟེར། ཞིབ་ཏུ་བཤད་ན། འོད་གསལ་འཆར་བའི་གནས་སྙིང་གར་རླུང་རིམ་གྱིས་སྡུད་པའི་རིམ་པ་ལས་ལུགས་འབྱུང་གི་སྟོང་པ་བཞི་དང༌། དེ་ནས་ཕྱིར་ལ་ལྡང་བའི་རིམ་པ་ལས་ལུགས་ལྡོག་གི་སྟོང་པ་བཞིའི་སྒོ་ནས་སྟོང་པའི་ཡེ་ཤེས་སྐྱེ་ཚུལ་དང༌། འོད་གསལ་གྱི་རླུང་འོད་ཟེར་ལྔ་ལས་ཀུན་རྫོབ་སྒྱུ་མའི་སྐུ་སྒྲུབ་ཚུལ་གཙོ་བོར་སྟོན་པ་ནི་རྣལ་འབྱོར་ཕའི་རྒྱུད་ཅེས་བྱ་སྟེ། དེ་ནི་སྟོང་པའི་ཡེ་ཤེས་དང་རླུང་ལས་བསྒྲུབས་པའི་སྐུ་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བའི་རྣལ་འབྱོར་ཡང་ཡིན་ལ། གཙོ་བོར་གཟུགས་ཀྱི་སྐུ་སྒྲུབ་བྱེད་སྣང་ཕྱོགས་ཐབས་ཀྱི་ཆ་ཡིན་པས་ཕ་ཞེས་ཀྱང་བརྗོད་པའི་ཕྱིར་རོ། །ཞེས་རྗེའི་རིམ་ལྔ་གསལ་སྒྲོན་ལས་གསུངས་པ་ལྟར་རོ། །ཕ་རྒྱུད་ལ་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ཡོད་པར་གསུངས་ཏེ། རྗེའི་རིམ་ལྔ་གསལ་སྒྲོན་ལས། ཟླ་མེད་སྟོན་པ་སྨྲ་བའི་གཙུག་གི་རྒྱན། །ཁྱབ་བདག་དཔལ་ལྡན་རྡོ་རྗེ་འཆང་དབང་གིས། །རྣལ་འབྱོར་བླ་མེད་རྒྱུད་སྡེ་བྱེ་བ་ཕྲག །གཉིས་ཀྱིས་ལྷག་པའི་དུང་ཕྱུར་ཕྲག་གཉིས་གསུངས།། ཞེས་གསུངས་སོ། །
|