4458

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕམ་པ
Tibetan Definition <པ་ར་ཛི་ཏ> (འདུལ་བ) 1 (མཚོ་ཊཱིཀ) བསྙེན་རྫོགས་ཀྱི་བཅས་པ་ལས་འདས་པའི་ལྟུང་བ་དངོས་གཞི་རྫོགས་པ་ཡིན་ཞིང༌། རང་གི་ངོ་བོའི་ཆ་ནས་དགེ་འདུན་ལྷག་མ་མན་ཆད་ལ་ལྟོས་ནས་ཆད་པ་ལྕིར་རུང་དང་ལྡན་པ་དེ། ཕམ་པའི་མཚན་ཉིད། མཚན་ཉིད་ཀྱི་ཚིག་ཟུར་གྱི་ལྟུང་བ་དངོས་གཞི་ཞེས་པས་དགེ་ཚུལ་གྱི་ཕམ་འདྲའི་ཉེས་བྱས་དང༌། ཕམ་པའི་སྦྱོར་བའི་སྦྱོར་བའི་ཉེས་བྱས་སོགས་ཕམ་པ་ཡིན་པ་སེལ། མན་ཆད་ཅེས་པས་ལྷག་མ་མན་ཆད་སྡེ་བཞི་པོ་ཕམ་པ་ཡིན་པ་སེལ། རང་གི་ངོ་བོའི་ཆ་ནས་དགེ་འདུན་ལྷག་མ་མན་ཆད་ལས་ཆད་པ་ལྕིར་རུང་ཞེས་པས་ལྷག་མའི་བཅས་པ་མ་མཛད་པའི་དུས་ཀྱི་ཕམ་པ་ཡང་ཕམ་པ་ཡིན་པར་སྡུད་པར་བྱེད་དོ། །སྒྲ་བཤད་ནི། ཕ་རོལ་ཉོན་མོངས་པས་རང་ཕམ་པ་བྱས་པས་ན་དེ་སྐད་ཅེས་བྱའོ། །དེ་ཡང་མཚོ་ཊཱིཀ་ལས། ཊཱི་ཀ་ལས་གཞན་རྒྱལ་བའི་ཉེས་པ་ནི་ཕམ་པའོ་ཞེས་སོ། །ཡང་། དེའི་སྐབས་ཀྱི་མཚོ་ཊཱིཀ་མཆན་བུ་ལས། པ་ར་ཛི་ཏ་ཞེས་པས་སཾ་སྐྲྀ་ཏའི་སྐད་ལས་བྱུང་སྟེ། པ་ར་ཞེས་པ་གཞན་ཡིན་ལ་ཛི་ཏ་ཞེས་པ་ཐུབ་པ་སྟེ་གཞན་གྱིས་ཐུབ་པས་ན། ཕམ་པ་ཞེས་བརྗོད་པ་སྟེ། ཞེས་གསུངས་པ་ལྟར་རོ། ། (རྗེ་བཙུན་འདུལ་བ) བསྙེན་རྫོགས་ཀྱི་རྟེན་ལ་འབྱུང་བའི་དངོས་གཞི་ཡོངས་སུ་རྫོགས་པའི་ལྟུང་བ་གང་ཞིག །ཁྱོད་དག་བྱེད་ཆད་ལས་ཀྱི་བསླབ་པ་བྱིན་པ་ལ་ལྟོས་པའི་རིགས་ཅན་དེ་སོ་ཐར་གྱི་ཕམ་པའི་མཚན་ཉིད། རིགས་ཅན་སྨོས་པ་ལ་དགོས་པ་ཡོད་དེ། སོ་ཐར་གྱི་ཕམ་པ་འཆབ་བཅས་དེ་བསྡུ་བར་བྱ་བའི་ཆེད་ཡིན་པའི་ཕྱིར་ཏེ། རྗེ་བཙུན་འདུལ་བ་ལས། སོ་ཐར་གྱི་ཕམ་པ་འཆབ་བཅས་ཆོས་ཅན། མཚན་ཉིད་གཉིས་པའི་ཟུར་གཉིས་པ་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། སོ་ཐར་གྱི་ཕམ་པ་འཆབ་བཅས་ཚེ་དེ་ཉིད་ལ་འདག་པ་སྲིད་པར་ཐལ། དེ་རང་ཉིད་འདག་བྱེད་ཆད་ལས་ཀྱི་བསླབ་པ་སྦྱིན་པ་ལ་ལྟོས་པའི་ཕྱིར། འདོད་མི་ནུས་ཏེ། སོ་ཐར་གྱི་ཕམ་པ་འཆབ་བཅས་དེ་ཆོས་འདུལ་བ་འདི་ལས་ཡོས་མེས་ཚིག་པ་བཞིན་དུ་སླར་མི་སྐྱེ་བའི་ཆོས་ཅན་དུ་གསུངས་པ་ཡིན་པའི་ཕྱིར། ཞེས་གསུངས་སོ། །2 རྒྱལ་བའི་ལྡོག་ཕྱོགས།