4481

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕཱུ་ལ་ཧ་རི
Tibetan Definition གྲུབ་ཆེན་ནཱ་རོ་པའི་སྒྲུབ་གནས་ཀྱི་རི་ཞིག རྒྱ་གར་ཡུལ་སྐད་དུ་ “ फूलहरी ” དང་། དེབ་སྔོན་སོགས་སུ་འདི་ལ་ “པུཥྤ་ཧ་རི” ཞེས་ཀྱང་འབོད། གནས་འདི་རྗེ་མར་པས་ནཱ་རོ་པ་ཐོག་མར་མཇལ་བའི་གནས་ཀྱང་ཡིན། བོད་སྐད་དུ་བསྒྱུར་ན་མེ་ཏོག་མདངས་ལྡན་ཡིན་ཟེར། པ་ཊ་ན་ནས་ར་ཇི་གི་རི་ལ་འགྲོ་བའི་ལམ་དུ་བི་ཧཱར་ཤ་རིབ་ཟེར་བའི་མེ་འཁོར་ཀྲི་སིང་ལ་སླེབས་ཤིང་དེ་ནས་ནུབ་ཏུ་བལྟས་ན་བྲག་རི་ལེབ་མོ་ཞིག་མཐོང་བ་དེ་ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་གི་ཤུལ་ཡིན་ཟེར། ས་འདི་ཡིན་ཟེར་བ་ཙམ་ལས་གནས་ཤུལ་ལ་སོགས་པ་མི་སྣང༌། རི་འདི་ནི་ནཱ་རོ་པའི་བཞུགས་གནས་ཕཱུ་ལ་ཧ་རི་བྱ་བ་དེ་ཡིན་པར་ཐེ་ཚོམ་མི་འདུག་སྟེ། ཆག་ལོའི་རྣམ་ཐར་དུ་ནཱ་ལནྡྲའི་བྱང་ངོས་ཚ་འབོག་གཅིག་གི་ས་ན་རི་དེ་ཡོད་གསུངས་ཤིང༌། ནཱ་ལནྡྲའི་བྱང་ན་རི་འདི་གཅིག་པུ་མ་གཏོགས་ཡེ་མེད་ལ། རིའི་དབྱིབས་ཀྱང་བོད་ཀྱི་ཕྱོགས་སུ་མགོ་གུག་པ་ལྟར་ཡོད་པས་མི་ལའི་རྣམ་ཐར་དང་ཡང་འགྲིག ཅེས་དགེ་འདུན་ཆོས་འཕེལ་གསུང༌། ༼ སྒྲ་བསྒྱུར་མར་པ་ལོ་ཙྪའི་རྣམ་པར་ཐར་པ་མཐོང་བ་དོན་ཡོད ༽ཞེས་བྱ་བ་ལས། ཕཱུ་ལ་ཧ་རིའི་སྐོར་ཅུང་ཟད་གསུངས་པ་འདི་ལྟར། དགེ་ཚུལ་བ་ཤེས་རབ་སེང་གེའི་དྲུང་ན་སློབ་མ་པཎྜི་ཏ་མངོན་ཤེས་མངའ་བ་ཞིག་འདུག་པ་དེ་ན་རེ། དེ་རིང་སང་མྱུར་སྟབས་སུ་རང་རེའི་སར་བང་ཆེན་པོ་གཅིག་ཀྱང་ཡོང་ལ། ཕཱུ་ལ་ཧ་རིར་བླ་མས་ཀྱང་ཕེབས་པར་འདུག་ཟེར། ནམ་ལངས་པ་དང་། ཨ་ཙ་ར་ཅིག་བྱུང་ནས་ཁྱེད་ཀྱི་ས་ན་བོད་ཀྱི་བནྡེ་གཅིག་ཡོད་འདུག་པ་ཁྲིད་ལ་ཤོག་ཟེར་ནས་སོང་། དེའི་ཚེ་ཤེས་རབ་སེང་གེ་དང་བསྡེབས་ནས་བྱོན་ཏེ་ལྗོངས་མེ་ཏོག་བརྒྱན་པའི་གྲོང་ཁྱེར་རི་བོ་གསེར་གྱི་དགོན་པ་ཕཱུ་ལ་ཧ་རིར་དགེ་ཚུལ་བས་མཇལ་སྣ་བྱས། དཔལ་ནཱ་རོ་པཎ་ཆེན་དང་ཞལ་མཇལ་ནས་བརྐྱང་ཕྱག་མང་དུ་བཙལ། གསེར་གྱི་མེ་ཏོག་མང་དུ་ཕུལ་བས། རྗེ་ནཱ་རོ་པའི་ཞལ་ནས། བླ་མས་ལུང་བསྟན་བདག་གི་བུ། །སྣོད་ལྡན་མར་པ་བློ་གྲོས་ཀྱིས། །ཁ་བ་ཅན་ལྗོངས་བྱང་ཕྱོགས་ནས། །རྒྱལ་ཚབ་འཛིན་ཕྱིར་སླེབས་པ་ལེགས།།ཞེས་གསུངས་ཤིང་མཆོག་ཏུ་དགྱེས་པར་གྱུར་ཏོ། །ཞེས་གསུངས། ཞིབ་པར་ཨོ་ཏནྟ་པཱུ་རི་ཞེས་པའི་ཐད་དུ་གཟིགས།