From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕུང་པོ་ལྔ
|
Tibetan Definition
|
(ཕར་ཕྱིན) གཟུགས་ཀྱི་ཕུང་པོ། ཚོར་བའི་ཕུང་པོ། འདུ་ཤེས་ཀྱི་ཕུང་པོ། འདུ་བྱེད་ཀྱི་ཕུང་པོ། རྣམ་ཤེས་ཀྱི་ཕུང་པོ་དང་ལྔའོ། །ཕུང་པོ་ལྔ་ཞེས་བསྡུས་གྲྭ་བ་རྣམས་ཀྱིས་བསླབ་པར་བྱ་བ་ལྟ་བུར་མཐོང་ཆུང་བྱེད་ཀྱང༌། འདི་ལ་ཉམས་ལེན་གྱི་གནད་ཆེན་པོ་ཚང་སྟེ། ༡ ཐོག་མར་གཟུགས་མཛེས་མི་མཛེས་མཐོང༌། ༢ དེ་ལ་བརྟེན་ནས་ཚོར་བ་བདེ་སྡུག་སྐྱེ། ༣ དེ་ལ་བརྟེན་ནས་ལེགས་ཉེས་དང་དགྲ་གཉེན་སོགས་ཀྱི་འདུ་ཤེས་སྣ་ཚོགས་སྐྱེ། ༤ དེ་ལ་བརྟེན་ནས་འདུ་བྱེད་ནི་ལས་ལ་ཟེར་བས་དགེ་སྡིག་གི་ལས་སྣ་ཚོགས་གསོག ༥ ལས་དེའི་བག་ཆགས་རྣམ་ཤེས་ཀྱི་སྟེང་དུ་བསྒོས་ནས། དེའི་དབང་གིས་འཁོར་བའི་རྒྱ་མཚོ་ཆེན་པོར་རྒྱུན་མི་འཆད་དུ་འཁོར་བ་ཡིན་ནོ། །ཕུང་པོ་ལྔའི་ཡ་གྱལ་གྱི་གཟུགས་ཀྱི་ཕུང་པོ་ནི། ཁ་དོག་དང་དབྱིབས་ལྟ་བུའི་གཟུགས་ཀྱི་སྐྱེ་མཆེད་ཁོ་ན་ལ་གོ་རྒྱུ་མིན་པར། གཟུགས་ཡོད་དོ་ཅོག་ལ་གོ་དགོས་པས། གཟུགས་ཀྱི་སྐྱེ་མཆེད་ལ་ཇི་ལྟར་སྦྱར་བ་བཞིན་དུ་སྒྲ་དང་དྲི་རོ་རེག་བྱ་ཐམས་ཅད་ལ་སྦྱར་བར་བྱ་སྟེ། དཔེར་ན་ཐོག་མར་སྒྲ་སྣ་ཚོགས་ཐོས། དེ་ལས་ཚོར་བ་སྣ་ཚོགས་སྐྱེ། དེ་ལས་འདུ་ཤེས་སྣ་ཚོགས་སྐྱེ། དེ་ལས་འདུ་བྱེད་དམ་ལས་སྣ་ཚོགས་གསོག དེའི་ས་བོན་ནམ་བག་ཆགས་རྣམ་ཤེས་ལ་བསྒོ། དེ་ལས་འཁོར་བར་འཁོར་ཞེས་སྦྱར་རོ། །དེས་ཕུང་པོ་ལྷག་མ་རྣམས་ལའང་རིགས་འགྲེའོ། །ཡང་ཡོངས་གྲགས་ཀྱི་གཞུང་ཆེན་མོ་རྣམས་སུ་འཆད་ཚུལ་ནི། ཐོག་མར་གཟུགས་མཛེས་མི་མཛེས་མཐོང༌། དེ་ལས་ཚོར་བ་བདེ་སྡུག དེ་ལས་འདུ་ཤེས་ཕྱིན་ཅི་ལོག དེ་ལས་འདུ་བྱེད་ཆགས་སྡང་འབྱུང༌། དེ་ལས་སེམས་སམ་རྣམ་ཤེས་ཀུན་ནས་ཉོན་མོངས་པར་བྱེད་དོ། །ཞེས་ཀྱང་འབྱུང་ངོ༌། །སྒྲ་བཤད་ནི། དུ་མ་སྤུངས་པའི་དོན་གྱིས་ན་ཕུང་པོ་ཞེས་བྱའོ། །
|