456

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁམས
Tibetan Definition <དྷཱ་ཏུ> སྤྱིར་བཏང་ཁམས་ཞེས་པ་ལེགས་སྦྱར་དུ་དྷཱ་ཏུ་སྟེ་འཛིན་པའི་དོན་ཡིན་ལ། མེའི་མཚན་ཉིད་འཛིན་པས་ན་མེ་ཁམས་ཞེས་པ་ལྟ་བུ། ཁམས་ཀྱི་སྒྲ་འཇུག་གཞི་ཕལ་མོ་ཆེར་འཛིན་པའི་དོན་ཚང་ཡོད། 1 འབྱུང་བ། མེའི་འབྱུང་བ་ལ་མེའི་ཁམས་ཞེས་པ་ལྟ་བུ། ཡང་རྩོམ་པ་པོའི་མཚན་མི་གསལ་བའི་བསྟན་འགྱུར་༼ སྣ་ཚོགས་ཉོ་པ ༽༤༡བ༦ལས། ཁམས་ཀྱི་སྒྲ་ནི་འཛིན་པ་ལ་བྱ་སྟེ། རང་གི་མཚན་ཉིད་འཛིན་པ་དང་། འབྱུང་བ་ལས་གྱུར་པའི་གཟུགས་འཛིན་པའི་ཕྱིར་ཁམས་ཞེས་བྱའོ། །ཞེས་གསུངས་སོ། ། 2 གནས་སམ། རིས་དང་རིགས། ཁམས་གསུམ་ཞེས་པ་ལྟ་བུ། འདི་ལའང་འཛིན་པའི་དོན་ཚང་སྟེ། ཁམས་གསུམ་པོ་རྣམས་ཀྱིས་རང་རང་གི་གནས་སུ་ཡོད་པའི་སེམས་ཅན་རྣམས་ཐུར་དུ་མི་ལྷུང་བར་འཛིན་པས་ན་དེ་དག་ལ་འཛིན་པའམ་ཁམས་ཞེས་བྱའོ། ། 3 རང་བཞིན། ཁམས་བཅོ་བརྒྱད་ཅེས་པ་ལྟ་བུ་དང་། བེམ་པོའི་རང་བཞིན་ལ། བེམ་པོའི་ཁམས་ཞེས་པ་དང་། མེའི་རང་བཞིན་ལ་མེ་ཁམས་ཞེས་པ་ལྟ་བུ། འདིའི་ཁམས་ཀྱི་དོན་ལ་ད་དུང་ཞིབ་ཆ་དགོས། སྔགས་རིམ་༤༥༦རྒྱབ་ན་གསལ་བས་དེར་གཟིགས།  4 རྒྱུ། ས་བོན། དབྱིངས། འབྱུང་ཁུངས། འབྱུང་ཁུངས་མཐར་ཐུག མཐར་ཐུག་པའི་རྩ་བ། ཁམས་བདེ་བར་གཤེགས་པའི་སྙིང་པོ་ཞེས་པ་ལྟ་བུ། གསེར་མང་པོ་ཡོད་པའི་རི་ལ་གསེར་གྱི་ཁམས་སམ་རིགས་ཞེས་བརྗོད་པ་ལྟ་བུ། (འདི་མཛོད་འགྲེལ་རྣམས་སུ་གསལ) འགྲེལ་པ་བཞི་སྦྲགས་ལས་ཀྱང་། དྷཱ་ཏུ་ནི་དབྱིངས་དམ་ཁམས་ཏེ། མཐར་ཐུག་པའི་རྩ་བའོ། །ཞེས་གསུངས། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་རྒྱ་ཆེར་འགྲེལ་པ་༼ ཅི ༽༡༡༧བ༧ལས། ཁམས་ཀྱི་དོན་ནི་རང་གི་མཚན་ཉིད་འཛིན་པའི་དོན་ཏོ། །ཡང་ན་རྒྱུའི་དོན་ཏེ། ཁམས་དང་ས་བོན་དང་དབྱིངས་ནི་རྒྱུའི་མིང་གི་རྣམ་གྲངས་ཏེ། ཞེས་གསུངས།  5 བསམ་པའམ། བསམ་བློ། ཞིབ་ཏུ་བཤད་ན། ཁམས་དང་མོས་པ་ཞེས་པའི་ཁམས་ནི་སྔོན་གྱི་བག་ཆགས་ཀྱི་སྟོབས་ཀྱིས་གྲུབ་པའི་བསམ་པའི་ཁྱད་པར་ཞིག་ལ་ཟེར། བྱེ་བྲག་རྟོགས་བྱེད་ཆེན་པོ་༡༣༥བ༦ལས། ཁམས་ཞེས་བྱ་བ་ནི་སྔོན་གྱི་བག་ཆགས་ཀྱིས་གྲུབ་པའི་བསམ་པའི་ཁམས་དང་། ཞེས་གསུངས་པ་ལྟར་རོ། །ཁམས་དང་མོས་པ་སྣ་ཚོགས་ནི། བསམ་པ་དང་རང་བཞིན་སྣ་ཚོགས་ལ། སློབ་དཔོན་ཚུལ་ཁྲིམས་བསྐྱངས་གསུང་ངོ་། །དོགས་གཅོད། ཡང་། འདུལ་བ་ལུང་གཞི་༼ ག་པ ༽ལས། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ལུག་གི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་མཁྱེན་ནས་འཕགས་པའི་བདེན་པ་བཞི་སོ་སོར་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་པར་མཛད་དེ། ཞེས་བསམ་པ་དང་ཁམས་གཉིས་ཐ་དད་དུ་གསུངས་པས། ད་དུང་ཡང་དཔྱད་དོ། །6 ས་མཐའ། མཆིམས་མཛོད་དེབ་གཟུགས་༣༣༠ལས། འཁོར་ལོས་བསྒྱུར་བ་བཞི་པོ་དེ་དག་གིས་ཕྱོགས་ལས་རྒྱལ་བར་བྱེད་པའི་ཚུལ་ནི་གསེར་གྱི་འཁོར་ལོ་ཅན་ནི་ (ཁམས་ཀྱི་རྒྱལ་ཕྲན་རྣམས་ཀྱིས) ཕས་བསུ་བ་བྱེད་པ་དང་། ཞེས་གསུངས་སོ། །རྒྱལ་རབས་དེབ་ཐེར་དཀར་པོ་ལས། མཐའི་རྒྱལ་ཕྲན་ལ་ཁམས་ཀྱི་རྒྱལ་ཕྲན་དུ་འབོད་པ་ལྟ་བུའོ། །ཞེས་བཤད་པ་ལྟར་རོ། །7 ཆོལ་ཁ་གསུམ་གྱི་ཡ་གྱལ་ཏེ། ཁམས་པའི་ཡུལ། ཡུལ་གྱི་ས་མཐར་ཡོད་པས་ཆ་ནས་ཁམས་ཞེས་བརྗོད། 8 ཁམས་དང་ཨ་མདོ་བསྡོམས་པའི་ཤར་ཕྱོགས་ཀྱི་བོད་ཡུལ་སྤྱིའི་མིང་། ཡུལ་གྱི་ས་མཐའ་ལ་ཡོད་པས་ཁམས་ཞེས་བྱའོ། །9 ཕོ་མོའི་ལུས་ཀྱི་འབྱུང་བའི་དྭངས་མ། བུད་མེད་ཀྱི་ཁམས། ཁམས་དམར་པོ། སྐྱེས་པའི་ཁམས། ཁམས་དཀར་པོ་ཞེས་པ་ལྟ་བུ། སྒྲ་བཤད་ནི། འཛིན་པས་ན་ཁམས་ཞེས་བྱའོ། །དཔེར་ན་སའི་མཚན་ཉིད་འཛིན་པས་ན་སའི་ཁམས། ཆུའི་མཚན་ཉིད་འཛིན་པས་ན་ཆུའི་ཁམས་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཕུང་པོ་ལྔའི་རབ་བྱེད་ལ་གཞི་བྱས་ཏེ་བཀོད། ཁམས་ཀྱི་སྐད་དོད་དྷཱ་ཏུ་ལ་དྷཱ་ར་ཎ་འཛིན་པ་སྟེ། རང་གི་མཚན་ཉིད་འཛིན་པ་དང་སྣོད་ཀྱི་སེམས་ཅན་འོག་ཏུ་མི་ལྟུང་བར་འཛིན་པ་ལ་སོགས་པའོ། །རྒྱལ་ཆེན་རིས་བཞི་ལ་སོགས་པ་འདོད་པའི་ལྷ་རྣམས་སོ། །དེ་རྣམས་འཛིན་པས་ན་ཁམས་ཏེ་གནས་སོ། །ཞེས་འགྲེལ་པ་བཞི་སྦྲགས་ན་གསལ།