4584

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱག་ཞབས་འཁོར་ལོའི་མཚན
Tibetan Definition ཕྱག་ཞབས་འཁོར་ལོའི་མཚན་ཞེས་པའི་དོན་ནི། ཕྱག་ཞབས་ཀྱི་མཐིལ་དུ་ཇི་ལྟར་ཐེལ་ཙེ་ལ་ཐེལ་ཙེའི་རི་མོ་འབུར་དུ་དོད་ནས་ཡོད་པ་བཞིན་དུ། འཁོར་ལོའི་མཚན་མའམ་རི་མོ་འབུར་དོད་དུ་ཡོད་ཅེས་པའི་དོན་ཏེ། རྗེ་བཙུན་ཙོང་ཁ་པ་ཆེན་པོའི་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་ལས། གསལ་ཞིང་རྫོགས་ལ་སོ་སོར་མ་འདྲེས་པའི། །རྩིབས་སྟོང་ལྡན་པའི་གསེར་གྱི་འཁོར་ལོ་མཆོག །ཕྱག་དང་ཞབས་ཀྱི་མཐིལ་ན་བཀྲ་བ་ནི། །རྒྱ་ལས་རྒྱ་ཡི་འབུར་ནི་གསལ་བ་བཞིན། །ཞེས་གསུངས་པ་ལྟར་དང་། རྒྱལ་ཚབ་ཐམས་ཅད་མཁྱེན་པའི་རྣམ་བཤད་སྙིང་པོའི་རྒྱན་ལས་ཀྱང་། ཐུབ་པའི་ཕྱག་དང་ཞབས་རུས་པའམ་བ་སོ་ལས་བརྐོས་པ་དང་འདྲ་བར། རྩིབས་སྟོང་ལྟེ་བ་མུ་ཁྱུད་རྣམས་རྫོགས་པའི་འཁོར་ལོའི་མཚན་དང་ལྡན་པ་ཉིད་དུ་འབྱུང་བའི་རྒྱུ་མཚན་ཡོད་དེ། སྔོན་སློབ་པའི་དུས་བླ་མ་རྣམས་ལ་སྐྱེལ་བ་དང་བསུ་བ་དང༌། གཡོག་འཁོར་སྦྱིན་པ་ལ་སོགས་པ་གོམས་པས་དེ་ལྟར་འབྱུང་བའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །མང་པོས་ཕྱག་ཞབས་ལ་རྩིབས་སྟོང་ལྡན་པའི་འཁོར་ལོ་དངོས་གནས་པ་ཞིག་ཡོད་པའི་དོན་དུ་གོ་བ་ནི་ནོར་བ་ཡིན་ཏེ། འདུལ་བ་ལུང་གཞི་༼ ང་པ ༽༢༢༡བ༥ལས། དེས་སྨྲས་པ། བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐིལ་ལ་ནི་འཁོར་ལོའི་མཚན་གྱིས་མཚན་པའི་རྟགས་ཡོད་ན། ཁྱོད་ཀྱི་རྐང་པའི་མཐིལ་ལ་ནི་འཁོར་ལོའི་མཚན་གྱིས་མཚན་པའི་རྟགས་མེད་དོ། །ཞེས་གསལ་བར་གསུངས་པས་སོ། །