From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕྱག་རྒྱ་ཆེན་པོ
|
Tibetan Definition
|
3 (བཀའ་བརྒྱུད) བཀའ་བརྒྱུད་པས་སྟོང་ཉིད་ཀྱི་མིང་གི་རྣམ་གྲངས་ལ་བཤད་དེ། རང་བཞིན་ལྷན་ཅིག་སྐྱེས་པ་ཇི་ལྟ་བར་རྟོགས་པ་དེ་ལ་ཕྱག་རྒྱ་ཆེན་པོ་ཟེར། ཕྱག་རྒྱ་ཆེན་པོའི་སྒྲ་བཤད་ནི། ཀརྨ་པ་དགུ་པ་དབང་ཕྱུག་རྡོ་རྗེས། ཕྱག་རྒྱ་ཆེན་པོ་ལ་སཾ་སྐྲྀ་ཏའི་སྐད་དུ་མ་ཧཱ་མུ་དྲཱའི་སྒྲ་ལས་དྲངས་པ་མི་འདའ་བའམ་མི་ཕྱེད་པའམ་མི་སྟོང་བ་ལ་འཇུག་སྟེ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་ས་རང་ས་ནས་སོ་མ་ཉམས་མདོག་མ་བསྒྱུར་བར་དུས་གསུམ་དུས་མེད་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལས་མི་འདའ་བས་ཕྱག་རྒྱ། དེ་ལས་ལོགས་པའམ་དེའི་གོང་ན་གཞན་མེད་པས་ན་ཆེན་པོའོ། །ཞེས་ངེས་དོན་རྒྱ་མཚོར་གསུངས། སི་ཏུ་པཎ་ཆེན་གྱིས། མུ་དྲཱ་ཞེས་པ་མི་འདའ་བར་བྱེད་པའི་རྒྱའི་སྐད་དོད་ཡིན་པ་ལ་འཁྲུལ་གཞི་གཞན་བསལ་བའི་ཕྱིར། ལོ་ཙཱ་བ་རྣམས་ཀྱིས་ཕྱག་གི་སྒྲ་བླ་ཐབས་སུ་བསྣན་ནས་ཕྱག་རྒྱ་ཞེས་བསྒྱུར་བ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་འདི་ལས་མི་འདའ་བའི་དོན་དང༌། ཆེན་པོ་ཞེས་པ་འདིའི་གོང་ན་ཆོས་གཞན་མེད་པའམ་ལས་ཆོས་དམ་ཚིག་གི་ཕྱག་རྒྱ་གསུམ་ལས་ཁྱད་པར་འཕགས་པའི་དོན་ནོ། །ཞེས་དེ་ཉིད་ཀྱི་ཕྱག་ཆེན་སྨོན་ལམ་གྱི་འགྲེལ་པར་གསུངས། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས། ཟུང་དུ་འཇུག་པས་ན་ཕྱག་རྒྱ། དེའི་རང་བཞིན་གྱིས་ཆོས་ཐམས་ཅད་ལ་ཁྱབ་པས་ན་ཆེན་པོ་སྟེ་ཆོས་ཐམས་ཅད་དེ་ལས་མི་འདའ་བའོ། །དེའི་ཚེ་ཕྱིའི་སྣང་བ་ཐམས་ཅད་སྣང་སྟོང་ཟུང་འཇུག ནང་གི་རིག་པ་མཐའ་དག་རིག་སྟོང་ཟུང་འཇུག སྣང་རིག་ཕྲད་པའི་ཚེ་ཚོར་བ་མཐའ་དག་བདེ་སྟོང་ཟུང་འཇུག་ཡིན་པ་ལས་དང་པོ་གཉིས་ལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཅེས་བྱ། ཕྱི་མ་ལ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཞེས་གསུངས་ཤིང༌། ཞེས་ཤེས་བྱ་མཛོད་འགྲེལ་ན་གསལ། སྒྲ་བཤད་གཞན་ཡང་འདི་ལྟར། ཕྱག་ནི་སྟོང་པའི་ཡེ་ཤེས་ཡིན། །རྒྱ་ནི་འཁོར་བའི་ཆོས་ལས་གྲོལ། །ཆེན་པོ་ཟུང་དུ་འཇུག་པའོ། །ཞེས་གསུངས། ཕྱག་རྒྱ་ཆེན་པོའི་སྒྲ་བཤད་དང་ངེས་ཚིག་ལ་དོགས་གཅོད། ཕྱག་རྒྱ་དང༌། ཡེ་ཤེས་དང༌། གོ་རིམ་ལ་སོགས་པ་ལ་རྒྱ་གར་ན་ཡེ་དང༌། ཕྱག་དང༌། གོ་ལ་སོགས་པའི་སྒྲ་མེད་ཀྱང༌། བོད་སྐད་ལ་ཚིག་སྦྱར་བ་བདེ་བའི་དོན་དུ་བསྣན་ནས་བསྒྱུར་བ་མཁས་འཇུག་ལས་གསུངས་ཞེས་དང༌། རྒྱ་སྐད་ལ་ཡེ་དང་ཕྱག་སོགས་ཀྱི་སྐད་དོད་མེད་ན། ཕྱག་ཆེན་ཐིག་ལེ་ལས། ཕྱག་ནི་སྟོང་པའི་ཡེ་ཤེས་ཏེ། །རྒྱ་ནི་འཁོར་བའི་ཆོས་ལས་གྲོལ། །ཞེས་འབྱུང་བ་ཅི་ཡིན་ཞེ་ན། འདི་དང་རྣམ་སྣང་མངོན་བྱང་ལས། དཀྱིལ་ནི་སྙིང་པོའོ། །འཁོར་ནི་ལེན་པའོ། །ཞེས་པ་ལྟ་བུ་དག་ལོ་ཙཱ་བ་རྣམས་ཀྱིས་གོ་བདེའི་ཐབས་ཙམ་དུ་དགོངས་ནས་ཅུང་ཟད་བསྒྱུར་ཆེས་པར་སྣང་སྟེ། འདི་འདྲའི་སྐབས། མུ་ནི་སྟོང་པའི་ཡེ་ཤེས་ཏེ། །དྲ་ནི་འཁོར་བའི་ཆོས་ལས་གྲོལ། །ཞེས་དང༌། མཎྜ་ནི་སྙིང་པོའོ། །ལ་ནི་ལེན་པའོ། །ཞེས་སྐད་དོད་རང་སོར་བཞག་ན་ཚིག་དོན་གཉི་ག་ལ་འགྲིག་པར་སྣང་ངོ༌།། ཞེས་རྗེ་གུང་ཐང་པ་གསུང་ངོ༌། །མཁས་གྲུབ་ཐམས་ཅད་མཁྱེན་པས་སྟོང་ཐུན་སྐལ་བཟང་མིག་འབྱེད་སོགས་སུ་ཕྱག་ཆེན་གྱི་ལྟ་བ་ལ་དགག་པ་ཤས་ཆེར་མཛད་ཡོད་ནའང་། ཕྱག་ཆེན་གྱི་ལྟ་བ་རྣམ་དག་ལ་དགག་པ་མ་མཛད་པ་མ་ཟད། དེ་དང་དབུ་མའི་ལྟ་བ་ལ་ཁྱད་པར་མེད་པར་གསུངས་ཏེ། མཁས་གྲུབ་ཆོས་རྗེའི་གསུང་ཐོར་བུ་༡༧༦ན༦ལས། དྲི་བ་ལྔ་པ་ཕྱག་ཆེན་དང་དབུ་མ་པ་གཉིས་ལ་དགོངས་པའི་ཁྱད་པར་ཡོད་དམ་མེད་ཅེས་པ་ལ། ཕྱག་རྒྱ་ཆེན་པོའི་དགོངས་པ་ཕྱིན་ཅི་མ་ལོག་པ་དང་། དབུ་མ་གཉིས་ལ་ཁྱད་པར་མེད་ལ། ཕྱག་ཆེན་ལ་མི་མཁས་པ་འགའ་ཞིག་ནི། དབུ་མ་དང་འགལ་བ་ཅི་རིགས་སྣང་བས་ཁྱད་པར་ཁྱེད་རང་གིས་ལེགས་པར་དཔྱོད། ཅེས་ཕྱག་རྒྱ་ཆེན་པོའི་དགོངས་པ་ཕྱིན་ཅི་མ་ལོག་པ་དང་། དབུ་མ་གཉིས་ལ་ཁྱད་པར་ཅེས་ཐུགས་ཐག་བཅད་ནས་གསུངས་པའི་ཕྱིར་རོ། །
|