From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕྱག་རྒྱ་བཞི
|
Tibetan Definition
|
ཆོས་ཀྱི་ཕྱག་རྒྱ། དམ་ཚིག་གི་ཕྱག་རྒྱ། ཕྱག་རྒྱ་ཆེན་པོ། ལས་ཀྱི་ཕྱག་རྒྱ་དང་བཞིའོ། ། ཧཱུྃ་ལ་སོགས་པ་སྔགས་ཀྱི་ཡིག་འབྲུ་རྣམས་ (ཆོས་ཀྱི་ཕྱག་རྒྱ) དང་། དེ་ཡོངས་སུ་གྱུར་པ་ལས་ཕྱག་མཚན་ (དམ་ཚིག་གི་ཕྱག་རྒྱ) དང་། དེ་ཡོངས་སུ་གྱུར་པ་ལས་ལྷའི་སྐུ་རྫོགས་པར་བསྐྱེད་པ་ (ཕྱག་རྒྱ་ཆེན་པོ) དེས་འགྲོ་བ་དོན་མཛད་པའི་འཕྲིན་ལས་ནི་ (ལས་ཀྱི་ཕྱག་རྒྱ) སྟེ་བཞིས་རྒྱས་བཏབ་ནས་ལྷ་སྐུ་བསྐྱེད་པའོ། །རྗེའི་རྣམ་གཞག་རིམ་པའི་རྣམ་བཤད་ལ་གཞི་བྱས་ཏེ་བཀོད། མདོར་ན་ཕྱག་རྒྱ་བཞི་ནི། རྒྱལ་བའི་སྐུ་གསུང་ཐུགས་འཕྲིན་ལས་བཞི་ལ་ཟེར། ཕྱག་ཆེན་སྐུ། དམ་རྒྱ་ཐུགས། ཆོས་རྒྱ་གསུང༌། ལས་རྒྱ་འཕྲིན་ལས། ཞེས་རྗེའི་སྔགས་རིམ་ཆེན་མོར་གསུངས། ཡང་། འདི་བཞིས་སྦྱང་གཞི་ཐ་མལ་པའི་ལུས། ངག ཡིད། བྱ་བ་རྣམས་སྦྱོང་། ཞེས་ལྕང་སྐྱ་རོལ་པའི་རྡོ་རྗེ་གསུང་བ་ལྟར་རོ། །ཀློང་རྡོལ་བླ་མས། ཐ་མལ་ལུས་ལ་རྟེན་དང་བརྟེན་པའི་ལྷར། །གསལ་སྣང་ང་རྒྱལ་བརྟན་པོས་རིམ་སྦྱངས་པས། །རེག་མཐོང་ལྟ་བུའི་མཚན་མ་རྙེད་པ་དང༌། །དེ་ལ་སྐུ་ནི་ཕྱག་རྒྱ་ཆེན་པོ་ཟེར། །སྔགས་ཀྱི་ནུས་པ་རྒྱུད་ལས་བཤད་ལྟར་འགྲུབ། །ཐ་མལ་ངག་རྣམས་འབྱུང་འཇུག་རླུང་གི་གདངས།། སྔགས་ཀྱི་རང་སྒྲ་སྒྲོག་པར་རེས་འགའ་གཟིགས། །དེ་ལ་གསུང་ནི་ཆོས་ཀྱི་ཕྱག་རྒྱ་ཟེར། །སྣང་ཕྱོགས་ལྷ་ཡི་འཁོར་ལོ་ཐབས་དང་ནི། །སྟོང་ཕྱོགས་ཤེས་རབ་ཤིན་སྦྱངས་བདེ་བས་སྤེལ།། སྣང་སྟོང་གཉིས་ཚོགས་ཟབ་གསལ་ཡེ་ཤེས་ལ། །དེ་ལ་ཐུགས་ནི་དམ་ཚིག་ཕྱག་རྒྱ་ཟེར། །ལུས་ངག་ཡིད་གསུམ་བྱ་བ་གང་བྱེད་པ། །ཐ་མལ་སྣང་ཞེན་ཕལ་ཆེར་མི་འབྱུང་ཞིང༌། །འོད་ཟེར་སྤྲོ་བསྡུ་ཙམ་གྱིས་ལས་བཞི་འགྲུབ།། དེ་ལ་འཕྲིན་ལས་ལས་ཀྱི་ཕྱག་རྒྱ་ཟེར། །ཞེས་ཀྱང་གསུངས་སོ། །
|