4629

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱི་དབུགས་ཆད་པ
Tibetan Definition ཁ་དང་སྣ་བུག་ནས་དབུགས་འགྲོ་འོང་བྱེད་པ་རྒྱུན་ཆད་པ་ན། ཕྱི་དབུགས་ཆད་པ་ཟེར། ཐ་མལ་པའི་འཆི་རིམ་ལ་སྦྱར་ན། འཆི་རིམ་བཞི་པ་རླུང་ཁམས་རྣམ་ཤེས་ལ་ཐིམ་པ་ན། ཕྱི་དབུགས་ཆད་པ་ཟེར། རྗེ་ཤེས་རབ་རྒྱ་མཚོའི་གསང་འདུས་རྫོགས་རིམ་རིམ་ལྔའི་དམར་ཁྲིད་ཀྱི་བརྗེད་བྱང་མི་བསྐྱོད་ཞལ་གྱི་བདུད་རྩི་༡༦བ་ལས། འཆི་བའི་ཚེ་རགས་པ་ཉེར་ལྔ་ལས་འདུ་བྱེད་ཀྱི་ཕུང་པོས་བསྡུས་པ་ལྔ་ཐིམ་པ་ན་ཕྱི་དབུགས་ཆད་པས་སྣང་མཆེད་ཐོབ་གསུམ་འོད་གསལ་རྣམས་ལ་ཕྱི་རྟགས་མེད། ཅེས་གསུངས་པ་ལྟར་རོ། །དེའི་ཚེ་མིག་གིས་གཟུགས་མི་མཐོང༌། རྣ་བས་སྒྲ་མི་ཐོས། སྣས་དྲི་མི་ཚོར། ལྕེས་རོ་མི་མྱོང༌། ལུས་ཀྱིས་རེག་བྱ་མི་ཚོར་རོ། །སྐབས་དེ་དུས་ཕྱི་རྒྱལ་གྱིས་སྨན་པ་ཚོས་མི་དེ་ཤི་བའི་ཐ་སྙད་བྱེད། འོན་ཀྱང་ནང་པའི་གཞུང་དུ་མི་དེ་ཕྱི་དབུགས་ཆད་ཀྱང་ནང་དབུགས་མ་ཆད་པས་ད་དུང་ཤི་མེད་ཅེས་གསུང་གི་ཡོད། དེར་མ་ཟད་ཆོས་ཀྱི་གོ་རྟོགས་དང་ཉམས་ལེན་ཡག་པོ་ཡོད་པའི་རིགས་དང་བླ་མ་སྐྱེས་ཆེན་དམ་པ་རྣམས་ལ། དུས་ཡུན་ཐུང་ཚེ་ཉིན་མ་གསུམ་དང་། རིང་ཚེ་བདུན་ཕྲག་གསུམ་ལྷག་ཙམ་གྱི་བར་དུ་ཐུགས་དམ་ལ་བཞུགས་ཀྱི་ཡོད། གལ་ཏེ་སྐབས་དེ་དུས་སྐུ་ཕུང་ཞུགས་འབུལ་ (མེར་སྲེག་བཏང་བ་ཡིན་ན) བྱས་པ་ཡིན་ན་མི་བསད་པའི་ཉེས་པ་འབྱུང་ཞེས་གསུང་གི་ཡོད། དོགས་གཅོད། ཁོ་བོ་ལྟར་ན་འཆི་རིམ་བཞི་པའི་སྐབས་སུ་ཕྱི་དབུགས་ཆད་པར་འདོད་ཀྱང་། མཁས་གྲུབ་རིན་པོ་ཆེས། འཆི་རིམ་ལྔ་པ་རྣམ་ཤེས་སྣང་བ་ལ་ཐིམ་པའི་སྐབས་སུ། ཕྱི་དབུགས་ཆད་ལྟ་བུར་བཞེད་དེ། མཁས་གྲུབ་རིན་པོ་ཆེའི་རྗེའི་གསུང་བྲིས་གསང་བ་འདུས་པའི་ཡིག་ཆུང་ཉེར་གཅིག་ལས། འཆི་བའི་ཚེ་སའི་ཁམས་ཐིམ་པ་ན་སྨིག་རྒྱུ་ལྟ་བུའི་སྣང་བ་འཆར། དེའི་རྗེས་སུ་ཆུའི་ཁམས་ཐིམ་པ་ན་དུ་བ་ལྟ་བུའི་སྣང་བ་འཆར། དེའི་རྗེས་སུ་མེའི་ཁམས་ཐིམ་པ་ན་སྲིན་བུ་མེ་ཁྱེར་ལྟ་བུའི་སྣང་བ་འཆར། དེའི་རྗེས་སུ་རླུང་རགས་པ་ཐིམ་འགྲོ་བ་ན་མར་མེ་འབར་བ་ལྟ་བུའི་སྣང་བ་འཆར། “དེའི་རྗེས་སུ་རང་བཞིན་གྱི་རྟོག་པའི་བཞོན་པར་གྱུར་པའི་རླུང་རགས་པ་འདི་དབུ་མའི་ནང་དུ་ཐིམ་པ་ན། ཁ་དང་སྣ་བུག་ནས་རྒྱུ་བ་འགགས་འགྲོ་ཞིང༌། ཕྱི་དབུགས་ཆད་པ་ཞེས་ཟེར།” དེའི་ཚེ་མིག་གིས་གཟུགས་མི་མཐོང༌། རྣ་བས་སྒྲ་མི་ཐོས། སྣས་དྲི་མི་ཚོར། ལྕེས་རོ་མི་མྱོང༌། ལུས་ཀྱིས་རེག་བྱ་མི་ཚོར་ཞིང༌། ཡིད་ངོར་སྟོན་གྱི་ནམ་མཁའ་གཡའ་དག་པ་ལྟ་བུའི་སྟོང་སང་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུའི་དཀར་ལམ་གྱི་སྣང་བ་འཆར། ཞེས་གསུངས་པས་ད་དུང་ཞིབ་ཏུ་དཔྱད་པར་བྱའོ། །བོད་རྒྱ་ཚིག་མཛོད་ཆེན་མོར། ཕྱི་རོལ་གྱི་རླུང་ཁམས་ཀྱི་དྭངས་མ་ནང་དུ་འདྲེན་མ་ཐུབ་པས་དབུགས་ཀྱིས་རྒྱུ་བ་ཆད་དེ་རླུང་སྲོག་འཛིན་སོགས་ཀྱི་ནུས་པ་མེད་པར་གྱུར་ནས་མྱུར་དུ་འཆི་བའི་ལྟས་ཤིག་ཅེས་གསུངས་པར་གཞིགས་ན། ཕྱི་དབུགས་ཆད་ཀྱང་མི་དེ་མ་ཤི་ཞེས་ཟེར་དགོས་པར་འདུག་པས་དཔྱད་དོ། །