From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕྱིའི་གོ་རྒྱ་གཅོད་པ
|
Tibetan Definition
|
ནང་གི་ཉམས་ལེན་གྱི་གནད་མི་སྟོན་པར་ཕྱིའི་ཤེས་བྱའི་གནས་ལ་གོ་བ་རྒྱ་བསྐྱེད་པའམ་དེ་ལ་སྒྲོ་འདོགས་གཅོད་ཐབས་བྱེད་པ་ལ། ཕྱིའི་གོ་རྒྱ་གཅོད་པ་ཟེར། དབྱངས་ཅན་དགའ་བློའི་«བྱང་ཆུབ་ལམ་རིམ་ཆེན་མོ་ལས་བྱུང་བའི་བརྡ་བཀྲོལ་ཉེར་མཁོ»༡༦བ༡ལས། ཕྱིའི་གོ་རྒྱ་ཙམ་གཅོད་པའོ་ཞེས་པ་ནི། ཕྱིའི་ཆོས་རྣམས་ལ་གོ་རྒྱའམ་ཤེས་རྒྱ་ཙམ་བྱེད་པའི་སྒྲོ་འདོགས་སམ་ཐེ་ཚོམ་གཅོད་པ་ཙམ་ཞེས་པའམ། ཡང་ན། ཁ་ཕྱི་བལྟས་ཀྱི་གོ་བ་རྒྱ་ཆེན་པོ་ཙམ་རྩད་གཅོད་པའོ་ཞེས་པ་སྟེ། དེ་ཡང་ཕྱིའི་གོ་བ་རྒྱ་ཆེར་འཚོལ་བ་ཙམ་མ་གཏོགས། ནང་རྒྱུད་ལ་སྐོར་བའི་ཉམས་ལེན་སྟོན་པ་མིན་སྙམ་པའོ། །ཞེས་གསུངས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་ལམ་རིམ་ཆེ་ཆུང་གི་དྲིས་ལན་ནོར་བུའི་ཕྲེང་བ་༡ན༢ལས། ཐོག་མར་ཕྱིའི་གོ་རྒྱ་ཙམ་གཅོད་ཅེས་པའི་དོན་ཇི་ལྟར་ལགས། ཞེས་པ་ལ་མདོ་བསྟན་བཅོས་ཆེན་པོ་རྣམས་ཀྱིས་ནང་གི་ཉམས་ལེན་མི་སྟོན་པར་ཕྱིའི་ཆོས་རྣམས་ལ་གོ་རྒྱའམ་ཤེས་རྒྱ་ཙམ་བྱེད་པས་སྒྲོ་འདོགས་སམ་ཐེ་ཚོམ་གཅོད་པ་ཙམ་ཡིན་སྙམ་པ་ཡིན་ཏེ། ཆོས་དེ་གོ་བ་ཤེས་པ་དང་ངེས་པ་རྣམས་དོན་མཚུངས་རྣམ་གྲངས་ཡིན་པའི་ཕྱིར། ཞེས་སོགས་གསུངས། རྗེའི་ལམ་རིམ་ཆེན་མོ་ལས། གཞུང་ཆེན་མོ་རྣམས་ལ་ཉམས་ལེན་གྱི་གནད་མེད་པའི་བཤད་ཆོས་སུ་བྱས་ཤིང་ཉམས་ལེན་གྱི་གནད་སྙིང་པོའི་དོན་སྟོན་པའི་མན་ངག་ཟུར་དུ་ཡོད་པར་གོ་ནས་དམ་པའི་ཆོས་རང་ལ་བཤད་པ་དང་བསྒྲུབ་པའི་ཆོས་ལོགས་ལོགས་པ་གཉིས་ཡོད་པར་འཛིན་པ་ནི། དྲི་མ་མེད་པའི་མདོ་རྒྱུད་དང་དྲི་མ་མེད་པའི་དགོངས་འགྲེལ་གྱི་བསྟན་བཅོས་ལ་གུས་པ་ཆེན་པོ་སྐྱེ་བའི་གེགས་བྱེད་ཅིང༌། དེ་དག་ལ་ནང་གི་དོན་མི་སྟོན་པའི་ཕྱིའི་གོ་རྒྱ་ཙམ་གཅོད་པའོ་ཞེས་བརྙས་པའི་གནས་སུ་འཛིན་པའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་གསོག་པར་ཤེས་པར་བྱའོ། །ཞེས་གསུངས།
|