4684

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱིར་མི་ལྡོག་པའི་དགེ་འདུན
Tibetan Definition (ཕར་ཕྱིན) ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་བྱང་ཆུབ་སེམས་དཔའ་ལ་ཟེར། ཞིབ་པར་བཤད་ན། གཟུགས་སོགས་ལ་བདེན་ཞེན་མངོན་འགྱུར་བ་ལྡོག་པ་སོགས་རྟགས་ཞེ་བཞི་པོ་གང་རུང་ཐོབ་པའི་སེམས་དཔའ་དེ། ཕྱིར་མི་ལྡོག་པའི་བྱང་སེམས་ཀྱི་དགེ་འདུན་གྱི་མཚན་ཉིད། རྣམ་བཤད་སྙིང་པོའི་རྒྱན་ལས། གང་ཟག་གི་ཁྱད་པར་འགའ་ཞིག་རིགས་མ་ངེས་པ་ཡིན་ཡང༌། ཐེག་པ་ཆེན་པོའི་ཚོགས་ལམ་ནས་བཟུང་སྟེ་ལམ་གཞན་དུ་ཅུང་ཟད་ཀྱང་མི་འགྲོ་ཞིང༌། ཐེག་པ་ཆེན་པོའི་སེམས་བསྐྱེད་ལས་ཉམས་པ་མི་སྲིད་པས་བླ་ན་མེད་པའི་བྱང་ཆུབ་ངེས་པར་ཐོབ་པར་འགྱུར་བ་ཡིན་ཡང༌། ཕྱིར་མི་ལྡོག་པའི་རྟགས་དང་ལྡན་པར་མི་བཞག་ལ། ཞེས་གསུངས་སོ། །དེ་ལ་དབྱེ་ན། སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་དགེ་འདུན། མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་དགེ་འདུན། སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་དགེ་འདུན་དང་གསུམ་ཡོད་པའི་ཕྱིར། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །མཐོང་དང་སྒོམ་པའི་ལམ་དག་ལ། །བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཞེས་གསུངས་པའི་ཕྱིར། ས་མཚམས་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ནས་རྒྱུན་མཐའི་བར་ན་ཡོད། རྣམ་བཤད་སྙིང་པོའི་རྒྱན་ལས། དེས་ན་འཆད་པར་འགྱུར་བའི་རྟགས་དེ་དག་དང་ལྡན་པ་ནས་ཕྱིར་མི་ལྡོག་ཐོབ་པར་བཞག་ལ། དེ་ལ་དབང་པོ་རྣོན་པོ་ནས་ནི་སྦྱོར་ལམ་དྲོད་ནས་དང༌། འབྲིང་པོས་མཐོང་ལམ་དང༌། དབང་པོ་ཇི་ལྟར་རྟུལ་ཡང་ས་བརྒྱད་པ་ནས་ཐོབ་པར་རྣམ་པར་བཞག་གོ །ཞེས་གསུངས་སོ། །ཇོ་བོའི་ལམ་སྒྲོན་རང་འགྲེལ་ལས་ཀྱང་། མི་ལྡོག་པ་ཡི་སེམས་ཀྱིས་སུ། །ཞེས་བྱ་བ་ནི་འདིར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི་རྣམ་པ་གསུམ་སྟེ། སྦྱོར་བའི་ལམ་ནས་མི་ལྡོག་པ་དང་། བདེན་པ་མཐོང་བ་ནས་མི་ལྡོག་པ་དང་། ས་བརྒྱད་པ་ནས་མི་ལྡོག་པའོ། །འདིའི་དོན་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས་རྒྱས་པར་བལྟ་བར་བྱའོ། །ཞེས་གསུངས་སོ། །