4704

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱུར་བ
Tibetan Definition དར་བས་བཟོས་པའི་ཟས་ཤིག ཆུར་བ་ཞེས་ཀྱང་འབྲི། ཕྱུར་བ་ལ་རིགས་མི་འདྲ་བ། མངར་ཕྱུར། སྔོ་ཕྱུར། སྐྱུར་ཕྱུར།་སྐྱ་ཕྱུར་དང་བཞི་ཙམ་ཡོད། མངར་ཕྱུར་ནི། མར་དང་ཁ་སྤྲི་མ་བླངས་པའི་ཕྱུར་བ་ལ་ཟེར། སྔོ་ཕྱུར་ནི། དར་བ་ལན་ཅིག་བསྐོར་ཏེ་བཏོན་པའི་ཕྱུར་བ་རོ་བཅུད་ལེགས་པ་ཞིག་ལ་ཟེར། སྐྱུར་ཕྱུར་ནི། འོ་མ་བསྲུབས་རྗེས་དར་བ་ཅུང་ཡུན་རིང་བར་བསྐོལ་བ་ལས་བཏོན་པའི་ཕྱུར་བ་ལ་ཟེར། སྐྱ་ཕྱུར་ནི། ཕྱུར་ཆུའམ་སྔོ་ཁུ་ཡུན་རིང་བསྐོལ་ཏེ་བསྐམས་ནས་བཏོན་པའི་ཕྱུར་བ་རོ་བཅུད་ཞན་པ་ཞིག་ལ་ཟེར། ཡུལ་སྐད་ལ་ཕྱུ་ར་ཟེར། འོན་ཀྱང་ཕྱུ་ར་ཞེས་པའི་ཐ་སྙད་འདི་ཕྱུར་བ་ཟུར་ཆག་པ་ཡིན་པས། བོད་རྒྱ་ཚིག་མཛོད་ཆེན་མོ་སོགས་སུ་འདི་ཚད་ལྡན་གྱི་ཐ་སྙད་དུ་བཞག་པ་ནི་འཐད་པར་མི་སེམས་ཏེ། རྒྱུ་མཚན་ནི། ཕྱུར་བ་ཞེས་པའི་ཚིག་འདི་རྒྱུ་མཚན་བཤད་དུ་ཡོད་པའི་རྗེས་གྲུབ་ཀྱི་ཐ་སྙད་ཅིག་ཡིན་ཏེ། འདི་བཟོ་དུས་ཕྱུར་ཁུའི་སྟེང་དུ་འཕྱུར་བའམ་ལྡིང་ནས་སྡོད་པའི་ཆ་ནས་ཕྱུར་བ་ཞེས་བཏགས་པ་ཕལ་ཆེར་ངེས་ཤིང་། གལ་ཏེ་ཕྱུ་ར་ཞེས་བརྗོད་ན་གོ་རྒྱུ་ཅི་ཡང་མེད་ཅིང་། ཐོག་མའི་འབྱུང་ཁུངས་འཚོལ་ཞིབ་བྱེད་པ་ན་ཡང་རྩད་ཆོད་དཀའ་བ་དང་བོད་ཀྱི་སྐད་ཡིག་ཉམས་ཆག་ཏུ་འགྲོ་བའི་རྐྱེན་དུ་འགྲོ་བ་སོགས་ཀྱི་སྐྱོན་མང་པོ་སྣང་ངོ་། །འོ་ན་འཕྱུར་བ་ཞེས་མི་ཟེར་བར་ཕྱུར་བ་ཞེས་བརྗོད་པ་ཅི་ཡིན་ཞེ་ན། དེ་ནི་བྱ་ཚིག་དང་ནོར་གྱིས་དོགས་ནས་འས་འཕུལ་འཕྱིས་པའོ། །བྱ་ཚིག་མིང་དུ་བཞག་པའི་ཚེ་སྔོན་རྗེས་དོར་བའམ་ཡང་ན་འགའ་ཞིག་ལ་རྗེས་འཇུག་སྣོན་པའང་མང་དུ་ཡོད་དོ། །དཔེར་ན་ཆོས་དང་འཇིག་རྟེན་ཞེས་པའི་ཆོས་ཀྱང་། འགྱུར་བཅོས་གཏོང་བ་ལ་འཆོས་ཞེས་པའི་འཆོས་དེ་རང་ལ་འས་འཕུལ་དོར་བ་ཡིན་ནོ། །འོན་ཀྱང་འདི་ལ་ཆུར་བ་ཞེས་བྲིས་པའང་སྣང་ངོ་། །