4725

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱོགས་ཀྱི་གླང་པོ
Tibetan Definition དབྱིག་གཉེན་གྱི་རང་མཁས་ཀྱི་སློབ་མ་བཞིའི་ཡ་གྱལ་ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ་ནི། རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་དུ་རྒྱལ་རིགས་ཀྱི་སྲས་སུ་སྐུ་འཁྲུངས། སློབ་དཔོན་དབྱིག་གཉེན་བསྟེན་ནས་ཚད་མ་ལ་ཤིན་ཏུ་མཁས་པར་གྱུར། ཚད་མའི་མདོ་ཀུན་ལས་བཏུས་པ་བརྩམ་པར་བྱའོ་སྙམ་དུ་དགོངས་ཏེ། ཕྱོགས་ཀྱི་གླང་པོའི་ཕུག་ཅེས་པའི་བྲག་ངོས་ལ་རྡོ་ཐལ་གྱིས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ། །ཚད་མ་བསྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །ཞེས་མཆོད་བརྗོད་དང་བཅས་པར་དམ་བཅའ་བྲིས་པ་ན་ས་གཡོས་པ་ལ་སོགས་པའི་ལྟས་ཁྱད་པར་ཅན་བྱུང༌། དེའི་ཉེ་ལོགས་ན་མུ་སྟེགས་ཀྱི་སྟོན་པ་ནག་པོ་ཐུབ་རྒྱལ་ཞེས་བྱ་བ་ཞིག་ཡོད་པ་དེས། སློབ་དཔོན་བསོད་སྙོམས་ལ་བཞུད་པའི་ཤུལ་དུ། ལན་གཉིས་བསུབས་པ་ན། གསུམ་པ་བྲིས་ནས་མཇུག་ཏུ་ངས་བྲིས་པའི་ཚིགས་སུ་བཅད་པ་འཕྱི་བ་སུ་ཡིན། ཀུ་རེ་དང་ཀྱལ་ཀའི་ཕྱིར་ཡིན་ན་དགོས་པ་རྒྱ་ཆེན་པོ་ཡོད་པས་མ་ཕྱི། ཕྲག་དོག་གི་དབང་གིས་ཡིན་ན་བློ་ལ་ཡོད་པས་དབྱི་བར་མི་ནུས་སོ། །འདི་ལ་ནོར་བ་ཡོད་པས་རྩོད་པར་འདོད་ན། ལུས་སྣང་བར་གྱིས་ཤིག་བརྩད་པར་བྱའོ་ཞེས་བྲིས་སོ། །སློབ་དཔོན་བསོད་སྙོམས་ལས་འཁོར་ཏེ་བྱོན་པ་དང་ཕྲད་ནས་བསྟན་པ་རྒྱལ་དུ་བཙུགས་ཏེ་བརྩད་པས་ལན་གསུམ་གྱིས་བར་དུ་མུ་སྟེགས་པ་ཕམ་པར་མཛད། ད་ཁྱོད་ནང་པའི་བསྟན་པ་ལ་ཞུགས་གསུངས་པས། ཁོ་ཁྲོས་ཏེ་ཁ་ནས་མེ་སྦར་ཏེ་སློབ་དཔོན་གྱི་ཡོ་བྱད་ཐམས་ཅད་བསྲེགས། སློབ་དཔོན་ཡང་ཚིག་ལ་ཁད་བྱས་པར་ཐུགས་སྐྱོ་སྟེ། ངས་མུ་སྟེགས་པ་འདི་གཅིག་པུའི་དོན་ཡང་བྱ་མི་ནུས་ན། སེམས་ཅན་ཐམས་ཅད་ཀྱི་དོན་ལྟ་ཅི་སྨོས་སྙམ་དུ་དགོངས་ནས། རྡོ་ཐལ་གནམ་ལ་འཕངས་ཏེ་ས་ལ་བབས་མ་ཐག་སེམས་བསྐྱེད་གཏང་ངོ་སྙམ་དུ་འཕངས་པས་ས་ལ་མ་བབས་པར་འཇམ་དཔལ་དངོས་སུ་བྱོན་ཏེ། ཁྱོད་ཀྱི་བསྟན་བཅོས་འདི་བསྟན་འགྲོ་ལ་ཕན་པ་དང༌། ཕྱི་མའི་དུས་ན་བསྟན་བཅོས་ཀུན་གྱི་མིག་གཅིག་ཏུ་འགྱུར་རོ། །ཞེས་རྗེས་སུ་བཟུང་ངོ༌། །བསྟན་བཅོས་ཀྱང༌། ཚད་མ་ཀུན་བཏུས་རྩ་འགྲེལ། དམིགས་བརྟག་རྩ་འགྲེལ། དུས་གསུམ་བརྟག་པ། རིགས་པ་ལ་འཇུག་པ། ཕྱོགས་ཆོས་འཁོར་ལོ་སོགས་མང་དུ་མཛད་དེ། ནང་པའི་ཚད་མ་རིག་པའི་སྲོལ་འབྱེད་པའི་སློབ་དཔོན་དུ་གྱུར་ཏོ། །