4854

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀའ་གདམས་ཐིག་ལེ་བཅུ་དྲུག
Tibetan Definition རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་བསྟན་འཛིན་རྒྱ་མཚོས། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་ཆོས་སྐོར་འདི་དག་སྣང་གི་ཆོས་སྐོར་ལྟ་བུ་ཞིག་ཡིན་པར་གསུངས་ཤིང་། འདི་ཇོ་རྔོག་འབྲོམ་གསུམ་གྱི་དག་སྣང་དུ་བྱུང་བའི་ཆོས་སྐོར་དང་། རྒྱུད་སྡེ་བརྩིས་པ་ཡིན་ན་ཐིག་ལེ་གོང་མ་རྣམས་ཕལ་ཆེར་བྱ་རྒྱུད་གཞིར་བཞག་ལྟ་བུ་དང་། ཐིག་ལེ་བཅོ་ལྔ་པ་དང་བཅུ་དྲུག་གཉིས་བླ་མེད་ཆགས་བསྡད་ཡོད་རེད། འདི་ལ་ཡོངས་གྲགས་ཀྱི་དབང་ཆེན་གྱི་འགྲོས་དང་འདྲ་བའི་ཆོ་གའི་ཚུལ་ཡང་མེད་ཅིང་། ཐིག་ལེ་བཅུ་དྲུག་གི་ཆོས་སྐོར་འདི་ཚད་ལྡན་གྱི་ཆོས་སྐོར་དུ་ཞལ་བཞེས་མི་མཛད་པ་ཡང་ཡོད་དེ། མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་ནང་དཀྱིལ་འཁོར་གྱི་ནང་དུ་བོད་ཀྱི་བླ་མ་བཀོད་པ་མི་འཚམ་གསུངས་པ་སོགས་ཡོད་པར་གསུངས། རྗེ་དགེ་འདུན་གྲུབ་པ་ཐིག་ལེ་བཅུ་དྲུག་གི་ཉམས་བཞེས་མཛད་ཅིང་། ཕལ་ཆེར་གཞན་ལའང་འཆད་སྤེལ་གནང་གི་ཡོད་པ་འདྲ་ཞིང་། འགའ་ཞིག་གིས་དགེ་འདུན་གྲུབ་པ་ལ། བཀའ་གདམས་ཕ་ཆོས་བུ་ཆོས་དང་དེ་དང་འབྲེལ་བའི་ཐིག་ལེ་བཅུ་དྲུག་གི་ཆོས་སྐོར་རྣམས་ཆོས་ཚད་ལྡན་ཡིན་མིན་བཀའ་དྲིས་ཞུས་པར། དེའི་ལན་དུ་ཆོས་རྣམ་དག་ཡིན་མིན་ནི་ངས་མི་ཤེས། སེམས་ལ་ཕན་པོ་ནི་འདུག་ཅེས་གསུང་ལན་གནང་བར། ༸གོང་ས་མཆོག་ནས་ “རྗེ་དགེ་འདུན་གྲུབ་པས་ལན་ཡག་པོ་བསྐྱོན་འདུག་འདུག་ག” ཞེས་བཞད་མོ་སྐུ་རྩེད་དང་བཅས་ཏེ་གསུངས། དེའི་མཇུག་ཏུ། སེམས་ལ་ཕན་པ་ཞིག་བྱུང་ན་དེ་གལ་ཆེ་གི་རེད་བ་གསུངས། བརྒྱུད་རིམ་ནང་འབྱུང་བ་ལྟར། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དང་། དགེ་འདུན་རྒྱ་མཚོ་དང་། དེ་ནས་རྒྱལ་མཆོག་ལྔ་པ་ཆེན་པོ་བཅས་ནས་ཐིག་ལེ་བཅུ་དྲུག་གི་དར་སོ་ཤུགས་ཆེན་པོ་ཡོད་ས་རེད་ཅེས་དང་། བྱང་རྭ་སྒྲེང་དུ་ཐིག་ལེ་བཅུ་དྲུག་གི་ཆོ་གའི་དར་སོ་ཤུགས་ཆེན་པོ་ཡོད་པའི་བཟོ་འདྲ་ཞིག་མཐོང་བྱུང་ཞེས་དང་། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་ཆེད་དམིགས་ཀྱིས་ལྗགས་བསྙེན་གནང་སྟེ་གྲུབ་མཚམས་སུ། ༸གོང་ས་མཆོག་ནས་བཀའ་དབང་ཞུས་ཤིང་། ཕྱིས་སུ་ལྗགས་བསྙེན་གནང་སྐབས་མནལ་ལམ་བཟང་པོ་བྱུང་ཞེས་བྱུང་ཚུལ་དང་། རྒྱལ་དབང་མཆོག་གིས་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་སྐུ་མདུན་ནས་ཆེད་དམིགས་ཀྱིས་ཞུས་ཤིང་། སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ཀྱང་ཆེད་དུ་གཉེར་ནས་ལྗགས་བསྙེན་གནང་སྟེ་བསྩལ་བར་བརྟེན། ཐོག་མའི་ཐུགས་རེ་ལ་དབང་དང་པོ་དེ་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་ཡང་སྲིད་ལ་འབུལ་རྒྱུ་བྱུང་ན་སྙམ་པའི་ཐུགས་རེ་ཡོད་ཀྱང་། དེ་མ་བྱུང་བ་རེད་ཅེས་ཐུགས་འགྱོད་ཀྱི་རྣམ་པ་ལྟ་བུས་གསུངས། གཞན་གྱིས་ཤོད་ཡ་ལ། ༸གོང་ས་མཆོག་ནས་ཁྲི་བྱང་རིན་པོ་ཆེའི་མཆོག་སྤྲུལ་མཆོག་ལ་ཕེབས་རོགས་ཤེས་རེ་སྐུལ་ཞུས་ཏེ་ཡུན་རིང་ཕེབས་སྒུག་ཞུས་ཀྱང་མ་ཕེབས་པ་རེད་ཅེས་ཤོད་མཁན་འདུག རྒྱལ་དབང་མཆོག་ནས་དབང་འདི་ལན་མ་ཉུང་བ་ཞིག་བཏོན་པས། བྱིན་རླབས་ཅན་ཞིག་ཏན་ཏན་རེད་འདུག་ཅེས་བཀའ་བསྩལ།