From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བཀའ་གདམས་པ
|
Tibetan Definition
|
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་དབུ་བརྙེས་པའི་སངས་རྒྱས་ཀྱི་བཀའ་སྡེ་སྣོད་གསུམ་གྱི་དོན་མ་ལུས་པ་སྐྱེས་བུ་གསུམ་གྱི་ལམ་རིམ་དུ་བསྡུས་ནས་ཉམས་སུ་ལེན་པའི་གྲུབ་མཐའ་ལ། བཀའ་གདམས་པ་ཟེར། འབྲོམ་གྱི་ཞལ་ནས། ངོ་མཚར་བཀའ་ནི་སྡེ་སྣོད་གསུམ་ཡིན་ཏེ། །གདམས་པ་སྐྱེས་བུ་གསུམ་གྱིས་མཛེས་པ་ཡི། །བཀའ་གདམས་རིན་ཆེན་གསེར་གྱི་ཕྲེང་བ་ལ། །འགྲོ་བ་གང་གིས་བགྲངས་ཀྱང་དོན་ཡོད་འགྱུར། །ཞེས་གསུངས་པ་ལྟར་རོ། །བཀའ་གདམས་པའི་ལུགས་སྲོལ་ཁྱད་པར་ཅན་དེ་ཇི་ལྟར་བྱུང་བའི་ཚུལ་ནི། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་དབུ་བརྙེས། སྟོན་པ་རིན་པོ་ཆེས་སྲོལ་ཕྱེས། སྐུ་མཆེད་གསུམ་གྱིས་དར་ཞིང་རྒྱས་པར་མཛད། གླང་ཤར་གཉིས་དང་བྱ་ཡུལ་བ་སོགས་ཀྱིས་དེ་ལས་ཀྱང་རྒྱས་པར་མཛད་པའོ། །བཀའ་གདམས་པ་ལ་དབྱེ་ན། བཀའ་གདམས་གཞུང་པ་བ། བཀའ་གདམས་གདམས་ངག་པ། བཀའ་གདམས་མན་ངག་དང་གསུམ་ཡོད། སོ་སོའི་ངོས་འཛིན་སོ་སོའི་ཐད་དུ་གཟིགས། སྒྲ་བཤད་ལ་གཉིས་ཏེ། དང་པོ་ནི། སངས་རྒྱས་ཀྱི་བཀའ་ལས་ཡིག་འབྲུ་གཅིག་ཀྱང་འདོར་དུ་མེད་པར་ཚང་མ་འཚང་རྒྱ་བའི་གདམས་ངག་ཏུ་གོ་བའི་གྲུབ་མཐའ་ཡིན་པས་ན། བཀའ་གདམས་པ་ཞེས་བྱའོ། །རྗེ་བདག་ཉིད་ཆེན་པོས་དཀའ་བཅུ་རིན་ཆེན་འཕེལ་ལ་བཀའ་གདམས་ཞེས་པའི་དོན་གང་ཡིན་བཀའ་འདྲི་གནང་བར། རྒྱལ་བའི་བཀའ་ལས་ཡི་གེ་ན་གཅིག་ཀྱང་འདོར་དུ་མེད་པར་གདམས་ངག་ཏུ་གོ་བ་ལ་ཟེར་བ་ཡིན་ཞུས་པས། རྗེ་རིན་པོ་ཆེ་ཐུགས་ཤིན་ཏུ་དགྱེས་ནས་དེ་ཡིན་དེ་ཡིན་ཞེས་བསྔགས་བརྗོད་མཛད་པའི་ལོ་རྒྱུས་ཀྱང་ཡོད། དེབ་སྔོན་སྟོད་ཆ་༣༢༣ལས་ཀྱང་། རྒྱལ་བའི་བཀའ་མ་ལུས་པ་གང་ཟག་གཅིག་གི་ལམ་དུ་འཁྱེར་དགོས་པར་བཞེད་ཅིང་གསུངས་པས། དེ་སྐད་དུ་ཐོགས་པ་ཡིན། ཞེས་གསུངས་སོ། །གཉིས་པ་ནི། སངས་རྒྱས་ཀྱི་བཀའ་སྡེ་སྣོད་གསུམ་གྱི་དོན་མ་ལུས་པ་སྐྱེས་བུ་གསུམ་གྱི་ལམ་རིམ་དུ་བསྡུས་ནས་ཉམས་སུ་ལེན་པའི་གྲུབ་མཐའ་ཡིན་པས་ན་དེ་སྐད་ཅེས་བྱའོ། །བཀའ་གདམས་དགེ་བཤེས་པོ་ཏོ་བའི་རིང་ལ་བཀའ་གདམས་པའི་སྲོལ་འདི་ཉིད་ཧ་ཅང་དར་རྒྱས་ཆེས་ཆེན་པོ་བྱུང་སྟེ་བཀའ་གདམས་པ་ཟེར་བའི་སྒྲ་བོ་ཆེ་དེ་ཡང་པོ་ཏོ་བ་ཁོང་གི་རིང་ནས་གྲགས་པ་ཡིན་ཟེར་ཞེས་དེབ་སྔོན་སྟོད་ཆ་༣༢༨ན་གསལ་བ་ལྟར་རོ། །
|