4863

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀའ་པོད་ལྔ
Tibetan Definition གཞུང་ཆེན་པོ་ཏི་ལྔ་དང་དོན་འདྲ། རི་བོ་དགེ་ལྡན་པའི་མདོ་ཕྱོགས་ཀྱི་སློབ་གཉེར་བྱ་ཡུལ་གྱི་གཞུང་པོ་ཏི་ལྔ་ཞེས་ཡོངས་སུ་གྲགས་པ་ནི། རྣམ་འགྲེལ། ཕར་ཕྱིན། དབུ་མ། འདུལ་བ། མཛོད་དང་ལྔའོ། །དེ་ལ་བསྟན་པའི་ལྕགས་རི་ཚད་མ། བསྟན་པའི་མཛེས་རྒྱན་མཛོད། བསྟན་པའི་གཞུང་ཤིང་ཕར་ཕྱིན། བསྟན་པའི་སྙིང་པོ་དབུ་མ། བསྟན་པའི་ནང་མཛོད་འདུལ་བ་ཞེས་མཁས་པ་རྣམས་ཀྱིས་བསྔགས་པར་མཛད་དོ། །བཀའ་པོད་ལྔ་འབྱུང་བའང་ལྟ་སྒོམ་སྤྱོད་གསུམ་མམ། བསླབ་པ་གསུམ་ཡ་མ་བྲལ་བར་ཉམས་སུ་ལེན་དགོས་པའི་གནད་ཀྱིས་ཡིན་ཏེ། རྗེ་གུང་ཐང་པའི་སློབ་གཉེར་བསླབ་བྱ་ལས། དབུ་ཚད་ཟུང་དུ་འཇུག་པའི་ལྟ༵་བ་དང་། །ཆོས་མངོན་མཛོད་དང་ཕ་རོལ་ཕྱིན་སྒོ༵མ། །བསྟན་པའི་ནང་མཛོད་འདུལ་བའི་སྤྱོ༵ད་པ་རྣམས། །མ་ཚང་བསླབ་གསུམ་ཡ་བྲལ་འགྱུར་བའི་ཕྱིར། །བཀའ་པོད་ལྔ་ལ་ཚང་བར་སྦྱོངས་ཤིག་ཨང་། །ཞེས་གསུངས་པ་ལྟར་རོ། །དེ་ཡང་དབུ་ཚད་མཛོད་གསུམ་གྱིས་ལྟ་བའམ་ཤེས་རབ་ཀྱི་བསླབ་པ། ཕར་ཕྱིན་གྱིས་སྒོམ་པའམ་ཏིང་ངེ་འཛིན་གྱི་བསླབ་པ། འདུལ་བས་སྤྱོད་པའམ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་བསྟན་པ་བཅས་སོ། །ཆོས་བརྒྱུད་གཞན་ལ་གཞུང་ཆེན་བཅོ་བརྒྱད་སོགས་ཀྱི་ཐ་སྙད་བྱེད་པ་ཡང་བཀའ་པོད་ལྔ་དང་སྡེ་སྣོད་གསུམ་དུ་མ་འདུས་པ་མེད་དོ། །