4871

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀའ་བབས་ཀྱི་སློབ་མ་བཞི
Tibetan Definition ཀ་ཆེན་བཞི་ཡང་ཟེར། ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་ཀྱི་སློབ་མ་མཆོག་གྱུར་བཞི་སྟེ། རྔོག་ཆོས་སྐུ་རྡོ་རྗེ། མཚུར་སྟོན་དབང་ངེ་། མེས་སྟོན་ཚོན་པོ། མི་ལ་རས་པ་དང་བཞིའོ། །དེ་ཡང་། བླ་མ་རྔོག་པ་ལ་དགྱེས་རྡོར་གྱི་བཀའ་ཕབ། དོལ་གྱི་མཚུར་སྟོན་དབང་ངེ་ལ་འཕོ་བའི་བཀའ་ཕབ། གཙང་རོང་གི་མེས་སྟོན་ཚོན་པོ་ལ་འོད་གསལ་གྱི་བཀའ་ཕབ། མི་ལ་རས་པ་ལ་གཏུམ་མོའི་བཀའ་ཕབ་པ་བཅས་སོ། །རྗེ་མི་ལའི་རྣམ་མགུར་ལ་གཞི་བྱས། (མཚུར་སྟོན་དབང་ངེ་། རྗེ་མར་པའི་འཕོ་བའི་བཀའ་བབས་ཙམ་དུ་མ་ཟད་ཀྱི། རྗེ་མར་པའི་འདུས་པའི་གདམས་ངག་གི་བཀའ་བབས་ཡིན་པའང་། རྗེའི་རིམ་ལྔ་གསལ་སྒྲོན་ན་གསལ། གཞན་ཡང་། མཚུར་སྟོན་དབང་གི་རྡོ་རྗེ་ལས་བརྒྱུད་པའི་གསང་བ་འདུས་པའི་དབང་དང་རྒྱུད་ཀྱི་བཤད་པ་བུ་སྟོན་ཐམས་ཅད་མཁྱེན་པ་དང་། རྒྱལ་བ་ཙོང་ཁ་པ་ཆེན་པོ་ལ་བྱོན་པ་ཡིན་ནོ། །ཞེས་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་གསུང་། མཚུར་ཞེས་པ་ནི་རིགས་ཤིག་གི་མིང་སྟེ། དེབ་སྔོན་ལས། དོལ་གྱི་མདའ་ན་འཆེས་དང་མཚུར་ཞེས་བྱ་བའི་རིགས་གཉིས་ཡོད་པ་ལས་མཚུར་གྱི་རིགས། ཞེས་འབྱུང་ངོ་། །དེབ་སྔོན་དུ་འཚུར་ཞེས་བྲིས་སྣང་ངོ)