492

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁུ་བ་འབྱིན་པའི་ལྷག་མ
Tibetan Definition (འདུལ་བ) ལྷག་མ་བཅུ་གསུམ་གྱི་དང་པོ། ཁུ་བ་འབྱིན་པའི་དགེ་འདུན་ལྷག་མའི་ངོ་ཏི་ནི། རང་གི་ཡན་ལག་ལས་དབྱུང་སེམས་ཀྱིས་འབྱིན་བྱེད་མཚན་ཉིད་དང་ལྡན་པས་རེག་ཅིང་བརྩལ་བས་ཁུ་བ་དང་པོའི་གནས་ནས་འཕོས་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་རང་གི་ས་བོན་ཕྱུང་བ་ལས་འབྱིན་པའི་དགེ་འདུན་ལྷག་མར་བཅས་པའོ། །དགག་བྱ་ནི་ས་བོན་གྱིས་བསྐྱེད་པའི་འདོད་ཆགས་འཕེལ་བའོ། །བརྩལ་བ་ནི། མཉེ་བ། མཉེས་པ། འཕུར་འཕུར་གཏང་བའམ། འཕུར་འཕུར་བཏང་བའི་དོན་ཡིན། ཁུ་བ་དང་པོའི་གནས་ནས་འཕོས་ཞེས་པའི་དོན་ནི། ཁུ་བའམ་ཐིག་ལེ་ནི་འབྲུ་དང་འབྲུ་མར་བཞིན་དུ་ལུས་ཀྱི་ཆ་ཐམས་ཅད་ལ་ཁྱབ་སྟེ་གནས་ལ། ཁུ་བ་ཀྱི་ཆ་དེ་དག་ལས་རིམ་བཞིན་འདུས་ཏེ་རྩའི་སྦུབས་སུ་འོངས་པ་ལ་དང་པོའི་གནས་ནས་འཕོས་པ་ཟེར། མཚོ་ཊཱིཀ་ལྟར་ན་ཁུ་བ་འབྱིན་པའི་ལྷག་མ་འབྱུང་བ་ལ་ཁུ་བ་དབང་པོའི་ཕྱི་རོལ་ཏུ་ཕྱུང་དགོས་པའི་ངེས་པ་མེད། མཚོ་ཊཱིཀ་ལས་གསུངས་པ་འདི་འདུལ་བའི་ཁྲིམས་དོགས་མཐའི་ཕྱོགས་བཟུང་བའི་དབང་དུ་བྱས་པ་ཡིན། འོ་ན། ཁུ་བ་དང་པོའི་གནས་ནས་ཕྱུང་བ་ཇི་ལྟར་ཤེས་ཤེ་ན། འདོད་ཆགས་ཤས་ཆེར་རྒྱས་པ། བདེ་བའི་ཉམས་མྱོང་ཆེན་པོ་སྐྱེས་པ། སྙིང་འདར་བ་ལ་སོགས་པ་ལུས་ཀྱི་རེག་བྱའི་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་ནའོ། །འདུལ་བའི་ཕྱག་ལེན་གུ་ཡངས་པའི་དབང་དུ་བྱས་ན། ཁུ་བ་དབང་པོའི་ཕྱི་རོལ་དུ་ཕྱུང་བ་ན་འབྱིན་པའི་ལྷག་མ་འབྱུང་གི་དང་པོའི་གནས་ནས་འཕོས་པ་ཙམ་གྱིས་མི་ཆོག་སྟེ། དངུལ་ཆུའི་གསུང་དྲི་ལན་ལས། དབང་གསུམ་པ་དང་བསྐྱེད་རིམ་གྱི་རྗེས་ཆགས་སྐབས། དངོས་སུ་ལུས་སེམས་ལ་འགྱུར་བ་ཐོན་པའི་བདེ་བ་བསྐྱེད་ནས་འདུལ་བའི་སྐབས་ཀྱི་ཉེས་པ་བསྐྱེད་མིན་ཇི་ལྟར་ཡིན་ཞེ་ན། འཕྲལ་གྱི་བདེ་བ་ལ་སྲེད་ཞེན་མེད་ཅིང་། བྱང་སེམས་དབང་པོའི་ཕྱིར་མ་ཐོན་ན་ཉེས་པ་མི་འབྱུང་སྟེ། དོན་འདི་ལ་དགོངས་ནས་ཡིད་ལ་ཆོས་ཀྱི་འདུ་ཤེས་བྱ་བ་དང་། བྱང་སེམས་འཛིན་དཀའ་ན་མཐོ་ས་ནས་བཟློག་འགྲེམས་བྱེད་པ་གསུངས་སོ། །ཞེས་གསུངས། དང་པོའི་གནས་ཞེས་པའི་ཐད་དུ་གཟིགས།