From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཁུ་བྱུག
|
Tibetan Definition
|
<ཀཱོ་ཀི་ལ> སྤྱིར་ཁུ་བྱུག་ལ་རིགས་མང་པོ་ཡོད་ཀྱང་རྒྱ་གར་ཡོངས་གྲགས་ཀྱི་ཁུ་བྱུག་ནི། ལུས་ནག་ལ་སྐད་སྙན་ཅིང་། མིག་དམར་སེར་དང་། ཆུ་སྡེར་ནག་སྐྱ་དང་ལྡན་པའི་བྱ་ཞིག་ལ་ཟེར། འགྲེལ་བཤད་དེ་ནི་ཁུ་བྱུག་ཕོའི་ཡིན་ལ། མོ་ནི་ཕོ་ལས་ལུས་ཅུང་ཆུང་ལ་མདོག་ཁྲ་བོ་ཞིག་ཡོད། རྒྱ་གར་ལྷོ་ཕྱོགས་ཀྱི་ཁུ་བྱུག་ཕོ་ནི་གཞན་རྣམས་འདྲ་བ་ལ་མཆུ་དཀར་པོ་ཡིན། ཁུ་བྱུག་གིས་སྒོ་ང་གཏོང་དུས་བྱ་གཞན་གྱི་ཚང་དུ་འཛུལ་ནས་གཏོང་ལ། བྱ་གཞན་དེས་ཀྱང་རང་གི་སྒོ་ངར་འཁྲུལ་ཞིང་རུམ་ནས་གསོ་སྐྱོང་བྱེད་ཅིང་། བསྐྱེད་བསྲིངས་ཏེ་ཆེར་ལོངས་པ་ན་རང་ཉིད་གསོ་སྐྱོང་བྱེད་མཁན་གྱི་མ་དེར་འཚེ་བ་བྱེད་པས་ཁུ་བྱུག་འདི་གཡོ་སྒྱུ་དང་སེམས་གནག་ཅེས་བཤད་སྲོལ་འདུག འདིའི་མིང་གི་རྣམ་གྲངས་ལ་གཞན་གྱིས་གསོས་ཟེར་བའི་རྒྱུ་མཚན་ཡང་དེ་ཡིན། སྤྱིར་བཏང་ཁུ་བྱུག་ལ་ཁོར་ཡུག་མི་འདྲ་བའི་དབང་གིས་སྐད་དང་། ཁ་དོག དབྱིབས། ཆེ་ཆུང་སོགས་མི་འདྲ་བ་ཡོད། བོད་ཀྱི་ཁུ་བྱུག་ལའང་དི་དི་གུ་གུའི་མདོག་འདྲ་བ་དང་། ཁྲ་དང་མདོག་འདྲ་ཟེར་མཁན་ཡང་འདུག 1. Yellow-billed Cuckoo 2. Great-Lizard -Cuckoo 3. Asian Cuckoo 4. Brush Cuckoo 5. Bronze-Cuckoo 6. Hawk- Cuckoo 7. Channel-billed-Cuckoo 8. Squirrel-Cuckoo རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པའི་ཉེ་འཁྲིས་ཀྱི་ནགས་གསེབ་ཏུ་མང་པོ་ཡོད། འདིའི་སྐད་མཉན་ན་སེམས་ལྷོད་ལ་བདེ་སིང་ངེ་བར་འགྱུར། རྒྱ་གར་བས་ཁུ་བྱུག་ལ། ཟས་ཞིམ་པོ་དེ་རང་ཡུལ་ལ་ཟོས། སྐད་སྙན་པོ་དེ་མི་ཡུལ་རྒྱབ། ཅེས་གཤེ་བའི་ལོ་རྒྱུས་ཀྱང་ཡོད། ལེགས་སྦྱར་དུ་कोकिलःཀཱོ་ཀི་ལཿདང་། རྒྱ་གར་ཡུལ་སྐད་དུ་कोयलཀཱོ་ཡལ། ཕྱི་རྒྱལ་བས་ཀུ་ཀུ་Cuckcoo ཟེར། བོད་ཀྱི་ཁ་སྐད་དུའང་ཁུ་ཡུག་ཅེས་བརྗོད་ལ། ཡང་བོད་ཀྱི་ལུང་པ་འགའ་རེའི་ནང་འདི་ལ་ཁུ་བྱུག་མི་ཟེར་བར་“ཀི་ཀུ” ཟེར་གསུང་མཁན་ཡང་འདུག དེ་ནི་རྒྱ་གར་ཡུལ་སྐད་ཀྱི་ཀཱོ་ཡལ་དང་ཡང་ཤིན་ཏུ་ཉེ་བས། ཀཱོ་ཡལ་གྱི་སྒྲ་ཟུར་ཉམས་ནས་ཁུ་ཡུག་ཅེས་འབོད་པའང་ཡིན་སྲིད། དེ་ལྟ་ནའང་ང་ཚོས་ཁུ་ཡུག་ལ་ཁུ་བྱུག་ཅེས་ཨུ་ཚུགས་ཀྱིས་བརྗོད་དགོས་དོན་ཅི་ཡིན་ནམ། འགའ་ཞིག་གིས། ཁུ་བྱུག་ཉིད་སྒྲ་ཉམས་ནས་ཁུ་ཡུག་ཅེས་འབོད་པ་རེད་ཟེར། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས། ཀཱོ་ཀི་ལ་ནི་ཁ་དོག་ནག་པོ་རང་རེའི་འཇོལ་མོ་ལས་ཆེ་ཙམ་པ། མིག་དམར་སེར། ཆུ་སྡེར་ནག་སྐྱ། སྐད་ནི་བུད་མེད་ལྐུགས་སྐད་ཀྱི་འཁུན་ངུ་སྔུར་བརྣངས་པ་བཞིན་དུ་ཕྲ་ལ་འཚེར། དང་པོ་ཅུང་ཟད་དམའ་བར་སྒྲོག རིམ་གྱིས་མཐོ་རུ་སོང་སྟེ། ཐང་བཅུ་སྐོར་རེ་ཙམ་མགྲིན་པ་བརྣངས་དྲགས་ཏེ་ཁ་རོག་པར་ཡུད་ཙམ་ངལ་གསོ་ཞིང་ཡང་སྒྲོག སྤྱོ་ན་ནག་མོའི་བྱེད་ལུགས་དེ་ག་རང་དུ་འདུག་པས། འདོད་པའི་རོ་ལ་ཆགས་སྐྱེས་འདོད་པའི་ཕོ་ཉ་སོགས་མངོན་བརྗོད་རྣམས་ཀྱི་རྩ་བ་གོ་དགོས། ཧོར་ཟླ་གཉིས་པ་ཙམ་ནས་དཔྱིད་ཧྲིལ་པོར་སྐད་འབྱིན། རིམ་གྱིས་སྐད་དམའ་ཞིང་འགག་པ་ལྟ་བུར་འགྲོ། དགུན་ནི་གཟེབ་ཏུ་བཅུག་པ་དག་ཀྱང་ཁ་མི་གྲགས་པར་ལྐུགས་ཏེ་སྡོད་པས། བསྔགས་བསྟོད་དུ་ཡང་། གཞན་ནི་མི་སྨྲའི་ཚུལ་གནས་པ། །དགུན་གྱི་ཁུ་བྱུག་ལྟ་བུ་ལགས། །ཞེས་གསུངས་ཏེ། འོན་ཀྱང་འདི་དགུན་གནས་གཞན་དུ་འཕོ་བ་ནི་མིན་པར་འདུག་སྙམ། རང་རེའི་སྐད་འདི་སྦོམ་ནས་ཕྲ་རུ་བཏང་བས་དབྱངས་སྐོར་གཅིག་གི་ནང་རྫོགས་པ་རིམ་པ་བདུན་འོངས། ཐང་ལྔ་པ་དེ་ཕྲ་ཞིང་འཇེབས་པའི་མོ་སྐད་བཟང་ཤོས་ཡིན་ཞིང་། འདིའི་སྐད་ཀྱང་དེ་ཡིན་པས་ལྔ་པའི་དབྱངས་ཞེས་བརྗོད་དོ། །རྒྱ་གར་བའི་གླུ་དབྱངས་ལྔ་པ་དྲུག་པ་ལ་སོགས་པའི་མིང་ཅན་གཞན་ཡང་དེ་ལྟར་གཟུང་བར་བྱའོ། །འདིའི་སྐད་ནི་གདངས་རིང་བ་མ་གཏོགས་སྦོམ་ཕྲ་རང་རེའི་སྐྱུང་ཀའི་སྐད་དང་ཤིན་ཏུ་འདྲ། ལྷ་སའི་དོག་སྡེ་སྦུག་ཏུ་སྐྱུང་ཀ་ཁྱུ་ཞིག་མཐོང་བས་པཎྜི་ཏ་ཨ་ཙརྱས་ཀཱོ་ཀི་ལ་ཞེས་སྨྲ་ཡིན་འདུག འོན་ཀྱང་མཆུ་སྡེར་སོགས་འདི་དང་མི་འདྲ། ཁུ་བྱུག་འདིའི་རིགས་ཀྱང་ཡིན་མིན་མ་ཤེས། ཀུ་ཧུ་བྱ་བའི་སྒྲ་འདི་ཕྲ་ལ་ཤུགས་དྲག་པར་ཕྱུང་ཚེ་འདིའི་སྐད་དངོས་འདྲ་བ་ཡོང་བས་འདི་ལ་ཀུ་ཧུའི་མགྲིན་དུ་བཤད་འདུག སྐད་ཕྲ་ལ་འཚེར་བས། སངས་རྒྱས་ཀྱི་སྤྱོད་པ་ལས་ཀྱང་། ཁུ་བྱུག་གཞན་ནི་མངོན་སུམ་དུ། །ཁུས་འདེབས་བྲག་ཆའི་སྒྲ་སྙན་འདྲ། །སོགས་བཤད། ཞེས་གསུངས། མིང་གི་རྣམ་གྲངས་ནི། མངོན་བརྗོད་ལས། དཔྱིད་ཀྱི་ཕོ་ཉ་ནགས་ན་གནས། །འདབ་མའི་ཐེག་པ་ན་ཚོད་གནས། །མིག་མཛེས་འདོད་པའི་ཏཱ་ལ་དང་། །གཞན་གྱིས་གསོས་དང་གཞན་གྱིས་རྒྱས། (བྱ་རོག་གིས་བཟུང་ནས་གསོ་བར་བྱེད་པས་སོ) །ངག་སྙན་དབྱངས་སྙན་གཞན་ལ་སེམས། །འདོན་པའི་ཕོ་ཉ་བྱ་རོག་གསོས། །ཞེས་གསུངས་པ་ལྟར་རོ། །
|