4947

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བག་རྫངས
Tibetan Definition བུ་མོ་མནའ་མར་འགྲོ་དུས་མག་པའི་ཁྱིམ་ཚང་ལ་ངེས་པར་དུ་སྤྲོད་དགོས་པའི་དངུལ་དངོས་ཀྱི་མིང་། འདི་ལ་བརྡ་རྙིང་དུ་གཉོད་ཟེར་ཞིང་། ཕྱི་རྒྱལ་བས་ dowry དང་། རྒྱ་གར་བས་ད་ཧེཇ་ दहेज, dehej ཟེར་རོ། །ལུང་རྣམ་འབྱེད་༼ ཆ་པ ༽༢༢༩ན༧ལས། བཟང་མོ་བག་རྫངས་སྟ་གོན་གྱིས་ཤིག་ཅེས་གསུངས་པ་ལྟ་བུ། དེའི་ཐད་ཀྱི་འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༡༣༡བ༣ལས། བག་རྫངས་ཞེས་བྱ་བ་ནི་བག་མ་གཏང་བ་ལ་དགོས་པའི་རྫས་སོ། །ཞེས་གསུངས་པ་ལྟར་རོ། །ལུགས་སྲོལ་འདི་གནའ་བོ་རྒྱ་གར་དང་ཡུ་རོབ་སོགས་ན་དར་སྲོལ་ཤིན་ཏུ་ཆེ་ཞིང་། ཕྱི་ལོ་༡༩༦༡ལོར་རྒྱ་གར་གཞུང་གིས་ཁྲིམས་ཐོག་ནས་ལུགས་སྲོལ་དེ་རིགས་མི་ཆོག་པའི་ཡོངས་ཁྱབ་བཀག་སྡོམ་བྱས་ཡོད། སྤྱིར་བཏང་བྱས་ན་འདི་བག་མ་རང་ཉིད་ཀྱི་སྐལ་བ་རྣམས་རྫོང་བ་ཡིན་ལ། ཕྱིས་འདི་ཚོང་ལྟ་བུར་གྱུར་ཏེ་བག་མའི་ནང་མིར་དཀའ་ངལ་དང་སུན་གཙེར་ཚད་མེད་བཟོ་བའི་ལམ་ལུགས་ངན་པ་ཞིག་ཏུ་གྱུར་ཏོ། །གཉོད་ཅེས་པའི་ཐ་སྙད་འདི་འདུལ་བ་ལུང་གཞི་༼ ག ༽ལས་ཀྱང་གསུངས་ཏེ། ཁྱིམ་དེའི་སྐྱེ་བོས་སྨྲས་པ། བྲམ་ཟེ་ཅི་ཞིག་སློང༌། བུ་མོ་སློང་ངོ་། །སུའི་ཕྱིར། མཉན་ཡོད་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་ལེགས་སྐྱེས་ཞེས་བྱ་བ་དེའི་འོ། །དེ་རྣམས་ཀྱིས་སྨྲས་པ། བདག་ཅག་རིགས་ནི་མཉམ་ན། འོན་ཀྱང་ཁོ་བོ་ཅག་ལ་གཉོད་མང་དུ་དགོས་སོ། །མང་ཁྱད་ཇི་སྙེད། གངས་ཅན་རིའི་གླང་པོ་ཆེ་བརྒྱ། རྟ་བརྒྱ། གསེར་གྱི་རྒྱན་བརྒྱ། དྲེའུའི་ཤིང་རྟ་བརྒྱ། ཐོ་གར་ཡུལ་གྱི་བུ་མོ་བརྒྱ། ཞེས་སོགས་གསུངས་པ་ལྟར་རོ། །