4994

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཅོམ་ལྡན་འདས་ཀྱིས་རིགས་ངན་རབ་ཏུ་དབྱུང་བར་གནང་བའི་ཁུངས
Tibetan Definition (འདུལ་བ) བཅོམ་ལྡན་འདས་ཉིད་ཀྱིས། ང་ཡི་བསྟན་པ་ལ་རིགས་གཙོ་བ་མ་ཡིན། རུས་གཙོ་བ་མ་ཡིན། སྒྲུབ་པ་གཙོ་བ་ཡིན་ཞེས་ཐམས་ཅད་ལ་ཡོངས་སུ་གྲགས་ཀྱང་། དོན་དངོས་ཕྱག་ལེན་ལ། ཁྱོད་མགར་བའི་བུ་མ་ཡིན་ནམ། བཤན་པའི་བུ་མ་ཡིན་ནམ་ཞེས་སོགས་དྲིས་ཏེ་རིགས་ངན་རྣམས་རབ་ཏུ་འབྱུང་བར་བཀག་ཀྱང་། བཅོམ་ལྡན་འདས་ཞལ་འཚོ་བཞུགས་ཀྱི་ཚེ་དམངས་རིགས་སོགས་རིགས་ངན་ཐམས་ཅད་རབ་ཏུ་འབྱུང་བར་གནང་བར་མ་ཟད་ཚེ་དང་ལྡན་པ་མ་འགགས་པ་སོགས་རིགས་ངན་མང་པོ་ཞིག་བཅོམ་ལྡན་འདས་ཀྱིས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་ཕྱུང་བ་ཡིན་ཏེ། དྲིན་ལན་བསབ་པའི་མདོ་༼ ཨཿ ༽༡༦༢བ༡ ལས། དེའི་ཚེ་དེ་བཞིན་གཤེགས་པ་ལ་འཁོར་མང་པོས་ཡོངས་སུ་བསྐོར་ནས་མཆོད་པ་དང་རིམ་གྲོ་བྱས། བཀུར་སྟེ་དང་ཕུ་དུད་དུ་བྱས། བསྔགས་ཤིང་བསྟོད་ནས་འཁོད་དོ། །དེ་ནས་ཀུན་དགའ་བོས་འཁོར་མང་པོའི་ཐེ་ཚོམ་སེམས་ཀྱིས་རྟོགས་ནས་སྟན་ལས་ལངས་ནས་སངས་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་མ་འགགས་པ་ལྟ་བུ་མ་རབས་རིགས་ངན་པ་ཡང་རབ་ཏུ་འབྱུང་དུ་གནང་། མ་འགགས་པ་རབ་ཏུ་བྱུང་བས་རྒྱལ་རིགས་དང་རྗེའི་རིགས་ཐམས་ཅད་ཀྱི་དད་པ་དང་གུས་པའི་སེམས་ཉམས་པར་གྱུར་ཏོ། །དེ་ལྟར་དད་པའི་སེམས་ཉམས་པས་བསོད་ནམས་ཀྱི་དངོས་ཡོངས་སུ་ཉམས་པར་གྱུར། རྒྱལ་པོ་ཟས་གཙང་མའི་སྲས་དགེ་སློང་དགའ་བོས་ཀྱང་བརྙས་པའི་སེམས་སྐྱེས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་དང་། འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱེད་རྣམས་ལེགས་པར་ཉོན་ཅིག ཁྱེད་ནམས་ཀྱིས་དེ་བཞིན་གཤེགས་པ་ལ་མཉམ་སྙོམས་པའི་ཐུགས་རྗེ་ཆེན་པོ་དང་། དྲན་པ་ཉེ་བར་གཞག་པ་གསུམ་དང་། ཡེ་ཤེས་ལྔ་དང་། ཏིང་ངེ་འཛིན་མེད་དོ་ཞེས་སྨྲས་ཀྱང་བླའི། །དགེ་སློང་མ་འགགས་པར་མ་རབས་རིགས་ངན་ཡིན་ཞེའམ། སྤྱོད་པ་ཐ་མའམ། སྨོན་ལམ་ཐ་མའམ། བརྩོན་འགྲུས་ཐ་མ་ཡིན་ནོ་ཞེས་བྱར་རུང་ངམ། ཁྱེད་རྣམས་ཀྱིས་དེ་བཞིན་གཤེགས་པ་ནི་ཉོན་མོངས་པ་དང་བཅས་པའོ། །མི་རྟག་པའོ། །འགྱུར་ཞིང་འཕོ་བའོ་ཞེས་བྱས་ཀྱང་བླའི། །དགེ་སློང་མ་འགགས་པ་མ་རབས་རིགས་ངན་ལས་རབ་ཏུ་བྱུང་བ་ཡིན་ནོ་ཞེས་བྱ་བར་མི་རུང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཡང་དག་པ་བདེན་པའི་ཚིག་གསུང་བས་ཁྱེད་རྣམས་དེ་བཞིན་གཤེགས་པས་གསུངས་པ་ལ་ཡིད་ཆེས་པར་བྱའོ། །དེ་བཞིན་གཤེགས་པ་ནི་འཁོར་བའི་སྐྱོན་དང་ཉེས་པ་གཟིགས་ཤིང་མཁྱེན་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ། དགེ་སློང་མ་འགགས་པ་ལྟ་བུ་རབ་ཏུ་བྱུང་བས་རིག་པ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་། རྣམ་པར་ཐར་པ་བརྒྱད་དང་ལྡན་ཏེ། ལྷ་དང་མི་རྣམས་ཀྱི་མཆོད་པའི་གནས་སུ་གྱུར་ཏོ། །དམ་པའི་ཆོས་སྲུང་ཞིང་འདུལ་བ་འཛིན་པའི་མཆོག་དམ་པར་གྱུར་ཏེ། ཐམས་ཅད་ཀྱིས་མཆོད་པའི་གནས་སུ་གྱུར་པས་ན་སོ་སོའི་སྐྱེ་བོ་དག་ཀྱང་འབྲས་བུ་དམ་པ་གསུམ་ཐོབ་པར་བྱེད་དོ། །འདི་ལྟ་སྟེ། ད་ལྟར་གྱི་འབྲས་བུ་ཐོབ་པ་དང་། སྐྱེ་བའི་འབྲས་བུ་དང་། མ་འོངས་པའི་འབྲས་བུ་ཐོབ་པར་བྱེད་དེ། དེ་བས་ན་མ་འགགས་པ་ནི་སྤྱོད་པ་མཆོག་དམ་པ་དང་ལྡན་ཏེ། ཕྱོགས་གཅིག་ཏུ་སྙིང་རྗེ་ཆེ་བའི་བྱང་ཆུབ་སེམས་དཔའོ། །སྔོན་འདས་པའི་དུས་ན་ཡང་སངས་རྒྱས་གྲངས་མེད་པ་བྱེ་བ་བརྒྱ་སྟོང་སྙེད་ལ་དགེ་བའི་རྩ་བ་བསྐྱེད་ལ་བསྙེན་བཀུར་བྱས་ནས་སངས་རྒྱས་དེ་དག་གི་ཆོས་ལ་ཡང་འདུལ་བ་འཛིན་པའི་མཆོག་བྱས། ད་ལྟར་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལ་ཡང་འདུལ་བ་འཛིན་པའི་མཆོག་ཏུ་གྱུར་ཏོ། །དེའི་ཚེ་དགེ་སློང་དགའ་བོས་སངས་རྒྱས་ཀྱིས་གསུངས་པ་ཐོས་ནས་འདུག་པ་ལས་ལངས་ཏེ། མགོ་བོས་འཕགས་པ་ཀཽཎྜི་ནྱའི་རྐང་པ་ལ་ཕྱག་འཚལ་ཏེ། མཐར་གྱིས་མ་འགགས་པའི་དྲུང་དུ་ཕྱིན་ནས་འདུད་པ་ཙམ་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། དགའ་བོ་ཁྱོད་ནི་ཤེས་པར་བྱོས། །དབུལ་ཞིང་སྡུག་པར་འགྱུར་བའམ། །ཆེ་བཙན་ཉམས་པར་མི་འགྱུར་གྱི། །རབ་ཏུ་བྱུང་བའི་ཆོས་ཉིད་དོ། །བཅོལ་ལྡན་འདས་ཀྱིས་དེ་ལྟར་དགའ་བོ་ལ་བསྟན་པ་དང་། གཟེངས་བསྟོད་པ་དང་། དགའ་བའི་ཆོས་རྣམ་པ་དུ་མ་གསུངས་ནས་དགའ་བོ་རབ་ཏུ་དགའ་མགུ་རངས་ཏེ། གོས་ཚགས་བཅོས་ནས་འཕགས་པ་མ་འགགས་པའི་རྐང་པ་ལ་མགོ་བོས་ཕྱག་འཚལ་བ་དང་། དེ་མ་ཐག་ཏུ་གནམ་ས་ཡང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སོ། །ཞེས་གསུངས་སོ། །དེ་བཞིན་དུ། བཅོམ་ལྡན་འདས་ཀྱིས་སྐྱོན་ནས་སྨྲ་བའི་ལྟུང་བྱེད་ཀྱི་སྐབས་སུ་འདུལ་བ་ལུང་རྣམ་འབྱེད་ལས་རིགས་ངན། ༡ དམངས་རིགས་དང་། ༢ ཐག་པ། ༣ ཁབ་རིས་མཁན། ༤ བཟང་མཁན། (མ་དཔེར་བཟང་མཁན་ཡོད་ཀྱང་ཟངས་མཁན་ཡིན་ནམ་སྙམ) ༥ ལྕགས་མཁན། ༦ རྡུངས་མཁན། ༧ ཀོ་ལྤགས་མཁན། ༨ རྫ་མཁན། ༩ འབྲེག་མཁན། ༡༠ ཤིང་མཁན། ༡༡ སྨྱིག་མ་མཁན། ༡༢ བྲན་བཅས་རབ་ཏུ་བྱུང་བར། ལུང་རྣམ་འབྱེད་༼ ཆ ༽༢༣༧ན༡ལས་གསུངས་ཏེ། དགེ་སློང་མིའི་སྐྱོན་ནས་སྨྲ་བའི་བསམ་པས་དམངས་རིགས་ལས་རབ་ཏུ་བྱུང་བ་གན་དུ་སོང་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པ་ལ་དགེ་སྦྱོང་གི་ཚུལ་ག་ལ་ཡོད། བྲམ་ཟེའི་ཚུལ་ག་ལ་ཡོད། ཚེ་དང་ལྡན་པ་ནི་དམངས་རིགས་ལས་རབ་ཏུ་བྱུང་བ་ཡིན་གྱི། ཚེ་དང་ལྡན་པས་རང་གི་ལས་འདི་ལྟ་སྟེ། ཟོར་བ་དང་། ཕྲག་གདང་དང་དམངས་རིགས་ཀྱི་ལས་གཞན་གང་ཡིན་པ་དག་ཀྱང་བྱའོ་ཞེས་སྨྲས་ན་དགེ་སློང་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གི་མིའི་སྐྱོན་ནས་སྨྲ་བའི་བསམ་པས་ཐག་པ་ལས་རབ་ཏུ་བྱུང་བའི་གན་དུ་སོང་སྟེ། འདི་སྐད་ཅེས་ཚེ་དང་ལྡན་པ་ལ་དགེ་སྦྱོང་གི་ཚུལ་ག་ལ་ཡོད། བྲམ་ཟེའི་ཚུལ་ག་ལ་ཡོད། ཚེ་དང་ལྡན་པ་ནི་ཐག་པ་ལས་རབ་ཏུ་བྱུང་བ་ཡིན་གྱི། ཚེ་དང་ལྡན་པས་འདི་ལྟ་སྟེ། ཐགས་བཟངས་དང་། སོན་པ་དང་། དྲུ་བུ་དང་། སྣས་ལ་སོགས་པས་རང་གི་ལས་བྱའོ་ཞེས་སྨྲས་ན་དགེ་སློང་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་མིའི་སྐྱོན་ནས་སྨྲ་བའི་བསམ་པས་ཁབ་རིས་མཁན་ལས་རབ་ཏུ་བྱུང་བའི་གན་དུ་སོང་སྟེ། འདི་སྐད་ཅེས་ཚེ་དང་ལྡན་པ་ལ་དགེ་སྦྱོང་གི་ཚུལ་ག་ལ་ཡོད། བྲམ་ཟེའི་ཚུལ་ག་ལ་ཡོད། ཚེ་དང་ལྡན་པ་ནི་ཁབ་རིས་མཁན་ལས་རབ་ཏུ་བྱུང་བ་ཡིན་གྱི། ཚེ་དང་ལྡན་པས་འདི་ལྟ་སྟེ་རྒྱང་ཤིང་དང་། སྐུད་པ་དང་། ཚོན་དང་། ཕུར་པ་དང་། སོ་མངས་ཀྱིས་རང་གི་ལས་བྱའོ་ཞེས་སྨྲས་ན་དགེ་སློང་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་མིའི་སྐྱོན་ནས་སྨྲ་བའི་བསམ་པས་བཟང་མཁན་ལས་རབ་ཏུ་བྱུང་བའི་གན་དུ་སོང་སྟེ། འདི་སྐད་ཅེས་ཚེ་དང་ལྡན་པ་ལ་དགེ་སྦྱོང་གི་ཚུལ་ག་ལ་ཡོད། བྲམ་ཟེའི་ཚུལ་ག་ལ་ཡོད། ཚེ་དང་ལྡན་པ་ནི་བཟང་མཁན་ལས་རབ་ཏུ་བྱུང་བ་ཡིན་གྱི། ཚེ་དང་ལྡན་པས་འདི་ལྟ་སྟེ། ཁབ་དང་། སྐུད་པ་དང་། གྲི་དང་ཆན་པ་དང་། ལྕུག་མོས་རང་གི་ལས་བྱའོ་ཞེས་སྨྲས་ན། དགེ་སློང་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་མིའི་སྐྱོན་ནས་སྨྲ་བའི་བསམ་པས་ལྕགས་མགར་ལས་རབ་ཏུ་བྱུང་བའི་གན་དུ་སོང་སྟེ། འདི་སྐད་ཅེས་ཚེ་དང་ལྡན་པ་ལ་དགེ་སྦྱོང་གི་ཚུལ་ག་ལ་ཡོད། བྲམ་ཟེའི་ཚུལ་ག་ལ་ཡོད། ཚེ་དང་ལྡན་པ་ནི་ལྕགས་མགར་ལས་རབ་ཏུ་བྱུང་བ་ཡིན་གྱི། ཚེ་དང་ལྡན་པས་འདི་ལྟ་སྟེ། སྦུད་པ་དང་། སྦུད་རུ་དང་། ཏི་ཙ་དང་སྐམ་པ་དང་། ཐོ་བས་རང་གི་ལས་བྱའོ་ཞེས་སྨྲས་ན་དགེ་སློང་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་མིའི་སྐྱོན་ནས་སྨྲ་བའི་བསམ་པས་རྡུངས་མགར་ལས་རབ་ཏུ་བྱུང་བའི་གན་དུ་སོང་སྟེ། འདི་སྐད་ཅེས་ཚེ་དང་ལྡན་པ་ལ་དགེ་སྦྱོང་གི་ཚུལ་ག་ལ་ཡོད། བྲམ་ཟེའི་ཚུལ་ག་ལ་ཡོད། ཚེ་དང་ལྡན་པ་ནི་རྡུངས་མགར་ལས་རབ་ཏུ་བྱུང་བ་ཡིན་གྱི། ཚེ་དང་ལྡན་པས་ནི་འདི་ལྟ་སྟེ། སྦུད་པ་དང་། སྦུད་རུ་དང་། ཏི་ཙ་དང་། སྐམ་པ་དང་། ཐོ་བས་རང་གི་ལས་བྱའོ་ཞེས་སྨྲས་ན། དགེ་སློང་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མིའི་སྐྱོན་ནས་སྨྲ་བའི་བསམ་པས་ཀོ་ལྤགས་མཁན་ལས་རབ་ཏུ་བྱུང་བའི་གན་དུ་སོང་སྟེ། འདི་སྐད་ཅེས་ཚེ་དང་ལྡན་པ་ལ་དགེ་སྦྱོང་གི་ཚུལ་ག་ལ་ཡོད། བྲམ་ཟེའི་ཚུལ་ག་ལ་ཡོད། ཚེ་དང་ལྡན་པ་ནི་ཀོ་ལྤགས་མཁན་ལས་རབ་ཏུ་བྱུང་བ་ཡིན་གྱི། ཚེ་དང་ལྡན་པས་འདི་ལྟ་སྟེ། རྒྱུས་པ་དང་། རྒྱིའུ་དང་། འབྲེང་བུ་དང་། དྲ་གྲི་དང་། སྨྱུང་དང་སྨྱུང་བུས་རང་གི་ལས་བྱའོ་ཞེས་སྨྲས་ན། དགེ་སློང་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་མིའི་སྐྱོན་ནས་སྨྲ་བའི་བསམ་པས་རྫ་མཁན་ལས་རབ་ཏུ་བྱུང་བའི་གན་དུ་སོང་སྟེ། འདི་སྐད་ཅེས་ཚེ་དང་ལྡན་པ་ལ་དགེ་སྦྱོང་གི་ཚུལ་ག་ལ་ཡོད། བྲམ་ཟེའི་ཚུལ་ག་ལ་ཡོད། ཚེ་དང་ལྡན་པ་ནི་རྫ་མཁན་ལས་རབ་ཏུ་བྱུང་བ་ཡིན་གྱི། ཚེ་དང་ལྡན་པས་འདི་ལྟ་སྟེ་འཁོར་ལོ་དང་། དབྱིག་གུ་དང་། ཐ་གུ་དང་། འཁོར་ལོའི་རྟེན་མ་དང་། གསལ་གྱིས་རང་གི་ལས་བྱའོ་ཞེས་སྨྲས་ན། དགེ་སློང་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་མིའི་སྐྱོན་ནས་སྨྲ་བའི་བསམ་པས་འབྲེག་མཁན་ལས་རབ་ཏུ་བྱུང་བའི་གན་དུ་སོང་སྟེ། འདི་སྐད་ཅེས་ཚེ་དང་ལྡན་པ་ལ་དགེ་སྦྱོང་གི་ཚུལ་ག་ལ་ཡོད། བྲམ་ཟེའི་ཚུལ་ག་ལ་ཡོད། ཚེ་དང་ལྡན་པ་ནི་འབྲེག་མཁན་ལས་རབ་ཏུ་བྱུང་བ་ཡིན་གྱི། ཚེ་དང་ལྡན་པས་འདི་ལྟ་སྟེ། སྤུ་གྲི་དང་། ཆན་པ་དང་། བདར་དང་། སྨང་ཙེར་དང་། སེན་གྲིས་རང་གི་ལས་བྱའོ་ཞེས་སྨྲས་ན། དགེ་སློང་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གི་མིའི་སྐྱོན་ནས་སྨྲ་བའི་བསམ་པས་ཤིང་མཁན་ལས་རབ་ཏུ་བྱུང་བའི་གན་དུ་སོང་སྟེ། འདི་སྐད་ཅེས་ཚེ་དང་ལྡན་པ་ལ་དགེ་སྦྱོང་གི་ཚུལ་ག་ལ་ཡོད། བྲམ་ཟེའི་ཚུལ་ག་ལ་ཡོད། ཚེ་དང་ལྡན་པ་ནི་ཤིང་མཁན་ལས་རབ་ཏུ་བྱུང་བ་ཡིན་གྱི། ཚེ་དང་ལྡན་པས་འདི་ལྟ་སྟེ། སྟེའུ་དང་། སྟ་རེ་དང་། གཟོང་དང་། སོག་ལེ་དང་། ཐོ་བས་རང་གི་ལས་བྱའོ་ཞེས་སྨྲས་ན། དགེ་སློང་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་མིའི་སྐྱོན་ནས་སྨྲ་བའི་བསམ་པས་སྨྱིག་མ་མཁན་ལས་རབ་ཏུ་བྱུང་བའི་གན་དུ་སོང་སྟེ། འདི་སྐད་ཅེས་ཚེ་དང་ལྡན་པ་ལ་དགེ་སྦྱོང་གི་ཚུལ་ག་ལ་ཡོད། བྲམ་ཟེའི་ཚུལ་ག་ལ་ཡོད། ཚེ་དང་ལྡན་པ་ནི་སྨྱིག་མ་མཁན་ལས་རབ་ཏུ་བྱུང་བ་ཡིན་གྱི། ཚེ་དང་ལྡན་པས་འདི་ལྟ་སྟེ། སྨྱིག་མ་དང་། གྲི་དང་། ཚོན་དང་། སྨྱུག་ཐོ་དང་། ལྷང་ཚེར་གྱིས་རང་གི་ལས་བྱའོ་ཞེས་སྨྲས་ན། དགེ་སློང་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་མིའི་སྐྱོན་ནས་སྨྲ་བའི་བསམ་པས་བྲན་ལས་རབ་ཏུ་བྱུང་བའི་གན་དུ་སོང་སྟེ། འདི་སྐད་ཅེས་ཚེ་དང་ལྡན་པ་ལ་དགེ་སྦྱོང་གི་ཚུལ་ག་ལ་ཡོད། བྲམ་ཟེའི་ཚུལ་ག་ལ་ཡོད། ཚེ་དང་ལྡན་པ་ནི་བྲན་ལས་རབ་ཏུ་བྱུང་བ་ཡིན་གྱི། ཚེ་དང་ལྡན་པས་འདི་ལྟ་སྟེ། བསྐུ་མཉེ་དང་། ཁྲུས་དང་། ཕོ་ཉར་འགྲོ་བ་དང་། མངག་པས་རང་གི་ལས་བྱའོ་ཞེས་སྨྲས་ན། དགེ་སློང་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་སོ། །འོན་ཀྱང་། སློབ་དཔོན་ཡོན་ཏན་འོད་ཀྱི་མདོ་རྩ་བར། ལྷམ་མཁན་དང་གདོལ་པ་དང་གཡུང་པོ་དང་དེ་ལྟ་བུ་རབ་ཏུ་དབྱུང་བར་མི་བྱའོ། །ཞེས་རིགས་དམན་པ་དག་རབ་ཏུ་འབྱུང་མི་རུང་བར་གསུངས་པ་སོགས་ལ་དཔྱད་དགོས་སོ། །རྟོགས་བརྗོད་བརྒྱ་པ་མདོ་སྡེ་༼ ཨཾ ༽༢༤༣བ༤ ནའང་འབྲེག་མཁན་གྱི་བུ་ཉེ་བར་འཁོར་གྱིས་བཟང་ལྡན་དང་མ་འགགས་པ་དང་ལྷས་བྱིན་སོགས་ཤཱཀྱའི་བུ་ལྔ་བརྒྱ་རབ་ཏུ་འབྱུང་བར་མཐོང་ནས་ངུས་པའི་སྐོར་བཞུགས་སོ། །