5009

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཏེག་དང་བཏེགས་ཀྱི་ཁྱད་པར
Tibetan Definition འབྲི་ཚུལ་ཐ་དད་ཙམ་ལས་མཁས་པ་རྣམས་དོན་གཅིག་པར་འདོད། འོ་ན་དེ་གཉིས་ལས་གང་དག་པ་ཡིན་ཞེ་ན། ཡར་འདེགས་པའི་འདས་ཚིག་ལ་ (བོད་རྒྱ་ཚིག་མཛོད་ཆེན་མོར) བཏེག་དང་(དག་ཡིག་གསར་བསྒྲིགས་སོགས་སུ) བཏེགས་ཞེས་འབྲི་ཚུལ་གཉིས་འབྱུང་ཡང་། བོད་རྒྱ་ཚིག་མཛོད་ཆེན་མོ་ལྟར་བཏེག་ཅེས་བྲིས་ན་ལེགས་པར་སེམས་ཏེ། རྟགས་འཇུག་རྩ་བར། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་གསུངས་པ་ལྟར། བཏེག་ཅེས་པ་ལྟ་བུར་སྔོན་འཇུག་གི་ཕོ་བཡིག་ཁོ་ནའི་བྱེད་པས་འདས་ཚིག་ཏུ་གྲུབ་པའི་ཕྱིར། དེ་ལ་སའི་ཡང་འཇུག་གི་རམ་འདེགས་མི་དགོས་པའི་ཕྱིར་རོ། ། (འདེགས། བཏེག གདེག ཐེགས) ཐུགས་དམ་བསྐངས་ཞེས་པ་ལྟ་བུར། སྔོན་འཇུག་གིས་འདས་ཚིག་ཏུ་གྲུབ་མི་ནུས་པར། སའི་ཡང་འཇུག་བསྣན་དགོས་པ་ལྟ་བུ་མ་ཡིན་པའི་ཕྱིར། བསྐང་ལ་སའི་ཡང་འཇུག་མ་བསྣན་ན་མ་འོངས་པའི་ཚིག་ཏུ་གནས་པའི་ཕྱིར་རོ། ། (སྐོང་། བསྐངས། བསྐང་། སྐོངས) སི་ཏུ་འགྲེལ་ཆེན་ལས། དཔེར་ན་བུམ་པ་ཆུས་བཀང་ལྟ་བུ་སྔོན་འཇུག་ཁོ་ནས་ནུས་པས་འདས་ཚིག་ཏུ་གྲུབ་པ་དང་། ཐུགས་དམ་བསྐངས་ལྟ་བུ་སྔོན་འཇུག་ཕོ་ཡིག་དང་འབྲེལ་བ་ཙམ་ལས་གཙོ་བོར་རྗེས་འཇུག་གི་བྱེད་པས་འདས་ཚིག་ཏུ་ཏུ་གྲུབ་པ་སོགས་བྱེ་བྲག་ཕྱེས་ནས་ཤེས་པར་བྱའོ། །ཞེས་གསུངས་སོ། །འོན་ཀྱང་ (གོས་སོགས་ཀྱིས། གཏུམ་པ། བཏུམས་པ། གཏུམ་པ། ཐུམས) བཏུམས་པ་དང་ (མིང་སོགས། འདོགས་པ། བཏགས་པ། གདགས་པ། ཐོགས) བཏགས་པ་སོགས་ལ་ད་དུང་དཔྱད་པར་འོས་སོ། །