From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བདག་གཞན་མཉམ་བརྗེ
|
Tibetan Definition
|
(བློ་སྦྱོང) ཐེག་པ་ཆེན་པོའི་སེམས་བསྐྱེད་ཚུལ་ལ་ཇོ་བོའི་ལུགས་དང་རྒྱལ་སྲས་ཞི་བའི་ལྷའི་ལུགས་གཉིས་ཡོད་པའི་ཕྱི་མ་སྟེ། རང་གཅེས་འཛིན་དང༌། གཞན་ཡལ་བར་འདོར་བའི་བློ་གཉིས་གོ་ས་བརྗེས་ཏེ། གཞན་ལ་རང་ལྟར་གཅེས་པར་འཛིན་ཅིང༌། རང་ལ་གཞན་ལྟར་ཡལ་བར་འདོར་བའི་བློ་བསྐྱེད་པ་ལ་ཟེར། འདི་ཀླུ་སྒྲུབ་དང་ཞི་བ་ལྷའི་ལུགས་ཡིན་ཏེ། ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་ཕྲེང་བ་ལས། བདག་ལ་དེ་དག་སྡིག་སྨིན་ཅིང་། །བདག་དགེ་མ་ལུས་དེར་སྨིན་ཤོག །ཅེས་དང་། ཞི་བ་ལྷའི་སྤྱོད་འཇུག་ལས། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་བསྐྱབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་གསུངས་སོ། །འདི་ལ་ས་བཅད་ཆེན་པོ་དྲུག་ཡོད་དེ། ༡ བདག་གཞན་མཉམ་བརྗེའི་ཕན་ཡོན་དང་མ་བརྗེས་པའི་ཉེས་དམིགས། ༢ བདག་གཞན་བརྗེ་བའི་བསམ་པ་གོམས་ན་བསྐྱེད་པར་ནུས་པ། ༣ བདག་གཞན་ཇི་ལྟར་བརྗེ་བའི་ཚུལ། ༤ བདག་གཞན་བརྗེ་བའི་གེགས། ༥ བདག་གཞན་བརྗེ་ཚུལ་དངོས། ༦ བདག་གཞན་བརྗེ་བའི་བསམ་པ་སྐྱེས་པའི་ཚད་དང་དྲུག་གོ། ༡ དང་པོ་བདག་གཞན་བརྗེ་བའི་ཕན་ཡོན་དང་མ་བརྗེས་པའི་ཉེས་དམིགས་ནི། སྤྱོད་འཇུག་ལས། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང༌། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང༌། །མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པ་རང་གི་དོན་བྱེད་དང༌། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་གསུངས། ༢ གཉིས་པ་བདག་གཞན་མཉམ་བརྗེ་གོམས་ན་བསྐྱེད་པར་ནུས་པ་ནི། སྤྱོད་འཇུག་ལས། དཀའ་ལས་ཕྱིར་ལྡོག་མི་བྱ་སྟེ། །འདི་ལྟར་གོམས་པའི་མཐུ་ཡིས་ནི། །གང་གི་མིང་ཐོས་འཇིགས་པ་ཡང༌། །དེ་ཉིད་མེད་ན་མི་དགར་འགྱུར། །ཞེས་དང་། ཁུ་བ་ཁྲག་གི་ཐིགས་པ་ལ། །ཁྱོད་ཀྱིས་ངར་འཛིན་བྱས་པ་ལྟར། །དེ་བཞིན་གཞན་ལའང་གོམས་པར་གྱིས། །ཞེས་གསུངས། ༣ བདག་གཞན་ཇི་ལྟར་བརྗེ་བའི་ཚུལ་ནི། རྗེའི་ལམ་རིམ་ལས། གཞན་ལ་ངའོ་སྙམ་དུ་དང་དེའི་མིག་ལ་སོགས་པ་ལ་ངའིའོ་སྙམ་པའི་བློ་སྦྱོང་བ་མིན་གྱི། རང་ལ་གཅེས་པར་འཛིན་པ་དང་གཞན་ཡལ་བར་འདོར་བའི་བློ་གཉིས་གོས་བརྗེས་ཏེ་གཞན་ལ་རང་ལྟར་གཅེས་པར་འཛིན་ཅིང་རང་ལ་གཞན་ལྟར་ཡལ་བར་འདོར་བའི་བློ་བསྐྱེད་པའོ། །ཞེས་གསུངས་པ་ལྟར་རོ། །༤ བཞི་པ་བདག་གཞན་བརྗེ་བའི་གེགས་ལ་གཉིས་ཏེ། བདག་གཞན་གཉིས་སྔོ་སེར་ལྟར་འབྲེལ་བ་གཏན་ནས་མེད་པའི་ཐ་དད་དུ་གྲུབ་པར་འཛིན་པའི་བློ་དང་། གཞན་གྱི་སྡུག་བསྔལ་གྱིས་བདག་ལ་མི་གནོད་དོ་སྙམ་པའི་བློ་གཉིས་ཡིན་ནོ། །༥ ལྔ་པ་བདག་གཞན་མཉམ་བརྗེ་བསྒོམ་ཚུལ་དངོས་ནི། སྤྱོད་འཇུག་ལས། འདི་ཡིས་ (ཚེ་རབས) བརྒྱ་ཕྲག་ཐམས་ཅད་དུ། །འཁོར་བར་བདག་ལ་གནོད་པ་བྱས། །ཡིད་ཁྱོད་རང་དོན་བྱེད་འདོད་པས། །བསྐལ་པ་གྲངས་མེད་འདས་གྱུར་ཀྱང༌། །ངལ་བ་ཆེན་པོ་དེ་ལྟ་བུས། །ཁྱོད་ཀྱིས་སྡུག་བསྔལ་འབའ་ཞིག་བསྒྲུབས། །ཞེས་དང༌། གལ་ཏེ་ཁྱོད་ཀྱིས་སྔ་དུས་སུ། །ལས་འདི་བྱས་པར་གྱུར་ན་ནི། །སངས་རྒྱས་ཕུན་སུམ་བདེ་མིན་པ། །གནས་སྐབས་འདི་འདྲར་འགྱུར་མི་སྲིད། །ཅེས་གསུངས་སོ། །༦ དྲུག་པ་བདག་གཞན་བརྗེ་བའི་བསམ་པ་སྐྱེས་པའི་ཚད་ནི། སྤྱོད་ལམ་ཐམས་ཅད་གཞན་གཅེས་འཛིན་གྱི་བློ་ངམ་ངམ་ཤུགས་ཀྱིས་སྐྱེས་པ་དེ། སེམས་དེ་སྐྱེས་པའི་ཚད་དོ། །བདག་གཞན་མཉམ་བརྗེའི་སྒོ་ནས་སེམས་བསྐྱེད་ཚུལ་འདི་རང་གི་མ་དང་གཉེན་སོགས་ཡིན་པ་རྒྱུ་མཚན་དུ་བྱས་ནས་སྙིང་རྗེ་དང་སེམས་བསྐྱེད་པ་མིན་གྱི། རང་གཞན་ཀུན་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་འདྲ་བ་རྒྱུ་མཚན་དུ་བྱས་ནས་སེམས་བསྐྱེད་པས་དབང་པོ་རྣོན་པོའི་སེམས་བསྐྱེད་ཚུལ་ལོ། །བདག་གཞན་མཉམ་བརྗེའི་ལུགས་འདི་ལའང་རྒྱུ་འབྲས་མན་ངག་བདུན་མའི་གནད་ཚང་སྟེ། བདག་གཞན་མཉམ་བརྗེ་ལ་མར་ཤེས་སོགས་གསུམ་གྱི་གནད་ཚང་ལ། གཏོང་ལེན་ལ་བྱམས་སྙིང་རྗེ་ལྷག་བསམ་གསུམ་གྱི་གནད་ཚང་བ་ཡིན་ཏེ། བློ་སྦྱོང་ཉི་མའི་འོད་ཟེར་༦༢བ༡ལས། མར་ཤེས་སོགས་རྒྱུ་འབྲས་བདུན་མའི་དང་པོ་གསུམ་གྱི་དོད་བདག་གཞན་བརྗེ་བའི་ཚུལ་ཡིན་ལ། གཏོང་ལེན་གཉིས་ཀྱི་སྒོ་ནས་བྱམས་སྙིང་རྗེ་སྦྱོང་བ་ཉིད་ལ་ལྷག་བསམ་རང་ཆས་སུ་ཡོད་པས་ཟུར་དུ་མ་གསུངས་སོ། །ཞེས་གསུངས་སོ། །
|