From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བདུན་མཐོ་བ
|
Tibetan Definition
|
1 སངས་རྒྱས་ཀྱི་མཚན་བཟང་ཞིག་སྟེ། མངོན་རྟོགས་རྒྱན་ལས། འདི་ཡི་སྐུ་ཡི་བདུན་དག་མཐོ་བ་དང་། །ཞེས་གསུངས་པ་ལྟར། ཕྱག་གཉིས་ཀྱི་རྒྱབ་གཉིས། ཞབས་གཉིས་ཀྱི་རྒྱབ་གཉིས་ཏེ་བཞི། ཕྲག་པའི་བར་གཉིས། ལྟག་པ་སྟེ་བདུན་མཐོ་བ་སྟེ་ཤས་ཁེངས་ཏེ་གཤོང་བུ་མེད་པ་ལ་ཟེར། འདུལ་བ་ལུང་གཞི་ལས། ལྷ་གཞོན་ནུའི་སྐུ་ནི་བདུན་མཐོ་བ་སྟེ། སྐུ་བདུན་མཐོ་བར་འཁྲུངས་པ་ནི་ཕྱག་གཉིས་དང༌། ཞབས་གཉིས་དང༌། དཔུང་མགོ་གཉིས་དང༌། ལྟག་པ་ལགས་ཏེ། ཞེས་གསུངས་ཤིང་། རྗེ་ཙོང་ཁ་པ་ཆེན་པོའི་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་ལས་ཀྱང་། ཕྱག་ཞབས་བོལ་དང་ཕྲག་གོང་ལྟག་པའི་ཕྱོགས། །ཡོངས་སུ་གང་བས་མི་མཉམ་མེད་པའི་སྐུ། །ཞེས་གསུངས་ཤིང་། རྗེའི་ལེགས་བཤད་གསེར་ཕྲེང་༡༡༧བ༣ ལས་ཀྱང་། བདུན་མཐོ་བ་ནི་ཕྱག་ཞབས་ཀྱི་རྒྱབ་བཞི་དང་ཕྲག་གོང་གཉིས་དང་ལྟག་པ་རྣམས་ཤས་ཁེངས་པ་ལ་དགོངས་རྒྱན་ལས་སོ། །རྣམ་འགྲེལ་ལས་དཔུང་མགོ་གཉིས་ཞེས་སོ། །ཞེས་གསུངས་སོ། །རྒྱ་གར་མཁས་པའི་གཞུང་དང་རྒྱལ་ཚབ་ཆོས་རྗེའི་རྣམ་བཤད་སྙིང་རྒྱན་སོགས་ཀྱི་དགོངས་པ་དང་མཐུན་ནོ། །དཔའ་བོ་གཙུག་ལག་ཕྲེང་བའི་སྤྱོད་འཇུག་འགྲེལ་པ་༡༠༣༣ལས། ཕྱག་ཞབས་ཀྱི་མཐེབ་ཆེན་གྱི་རྩ་བའི་ཀྱོང་བཞི། སྒྲོག་རུས་ཀྱི་ཀྱོང་གཉིས། ལྟག་པའི་ཀྱོང་སྟེ་བདུན་པོ་མི་མངོན་པར་ཤས་གང་བས་བདུན་མཐོ་བ། ཞེས་གསུངས་པའང་གོང་དང་འདྲ།
|