5075

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདེ་བ་ཅན་གྱི་ཞིང་ཁམས
Tibetan Definition མི་མཇེད་ཞིང་ནས་ནུབ་ཀྱི་ཕྱོགས་ཉིད་དུ། །བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སངས་རྒྱས་ཀྱི། །ཞིང་ཁམས་རྣམས་ནི་འདས་པར་གྱུར་པ་ན། །རྨད་བྱུང་བདེ་བ་ཅན་ཞེས་བྱ་བ་ཡོད། །དེ་ནི་ས་གཞི་རིན་ཆེན་དུ་མས་སྤྲས། །ཤིན་ཏུ་ཉམས་དགའ་ལག་མཐིལ་ལྟ་བུར་མཉམ། །རིན་ཆེན་ལས་གྲུབ་རི་བོ་མ་གཏོགས་པ། །ནག་པོའི་རི་རྣམས་ཀུན་གྱིས་དབེན་ཞིང་གཙང་། །མཛེས་ཤིང་ཡིད་འོང་རྣམ་དག་ཞིང་གི་མཐའ། །རིན་ཆེན་བདུན་གྱི་ཆུ་ཤིང་ལྗོན་པ་དང་། །རིན་ཆེན་ཏ་ལའི་ཤིང་གི་ཕྲེང་བ་ཡིས། །ཡོངས་སུ་བསྐོར་བས་སྐར་མས་ཟླ་བ་བཞིན། །ཞེས་རྗེ་ཙོང་ཁ་པ་ཆེན་པོའི་བདེ་ཆེན་སྨོན་ལམ་གསུང་ཐོར་བུ༨༧ན༤ལས་གསུངས་ཤིང་། དེ་ཡང་མི་མཇེད་ཀྱི་ཞིང་སྟེ་ཛམྦུ་གླིང་འདི་ནས་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་འདས་པ་ན་འཇིག་རྟེན་གྱི་ཁམས་བདེ་བ་ཅན་གྱི་ཞིང་ཁམས་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཅེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ནོ། །དེ་ལ་ཅིའི་ཕྱིར་བདེ་བ་ཅན་ཞེས་བྱ་ཞེ་ན། ཞིང་ཁམས་དེ་ན་སེམས་ཅན་རྣམས་ཀྱི་ལུས་དང་སེམས་ལ་སྡུག་བསྔལ་མེད་ཅིང་བདེ་བའི་རྒྱུ་དཔག་ཏུ་མེད་པ་ཡོད་པས། བདེ་བ་ཅན་ཞེས་བྱའོ། །ཞིང་ཁམས་དེ་ནི་ཁ་ཁྱེར་རིམ་པ་བདུན་དང༌། ཤིང་ཏ་ལའི་ཕྲེང་བ་རིམ་པ་བདུན་དང༌། དྲིལ་བུ་གཡེར་ཀའི་དྲ་བ་རྣམས་ཀྱིས་ཀུན་ནས་ཡོངས་སུ་བསྐོར་བ། བཀྲ་བ་བལྟ་ན་སྡུག་པའོ། །གསེར་དང༌། དངུལ་དང༌། བཻཌཱུརྱ། ཤེལ་བཅས་རིན་པོ་ཆེ་བཞིས་ལེགས་པར་བརྒྱན་པའོ། །དེ་ན་རིན་པོ་ཆེ་སྣ་བདུན་གྱི་རྫིང་ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་བ། རིན་པོ་ཆེའི་པད་མས་ཁེབས་པ། བྱ་རོག་གིས་བཏུང་དུ་རུང་བར་ཁ༌ད་ཆད་དུ་གྱུར་པ་གསེར་གྱི་བྱེ་མ་བདལ་བ་དག་ཡོད་དེ། རྫིང་བུ་དེ་དག་གི་ཕྱོགས་བཞི་ཀུན་ན་ཐེམ་སྐས་གསེར་དང༌། དངུལ་དང༌། བཻཌཱུརྱ། ཤེལ་བཅས་རིན་པོ་ཆེ་སྣ་བཞི་ལས་བྱས་པ་བཞི་བཞི་ཡོད་དོ། །རྫིང་དེ་དག་གི་འགྲམ་ན་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་ཤིང་ལྗོན་པ་དག་སྐྱེས་སོ། །རིན་པོ་ཆེ་སྣ་བདུན་ནི། གསེར་དང༌། དངུལ་དང༌། བཻཌཱུརྱ། ཤེལ་དང༌། མུ་ཏིག་དམར་པོ་དང༌། རྡོའི་སྙིང་པོ་དང༌། སྤུག་གི་ཤིང་བཀྲ་བ། བལྟ་ན་སྡུག་པ་དག་གོ། རྫིང་དེ་དག་མདོག་རྣམ་པ་ཅན་གྱིས་ཡོངས་སུ་གང་ནས་ཡོད་དོ། །དེ་ཡང་གསེར་དང༌། གསེར་གྱི་ཁ་དོག གསེར་གྱི་འོད་འབྱུང་བ། གསེར་ལྟ་བུར་སྟོན་པ། སྔོན་པོ་ཁ་དོག་སྔོན་པོ། །འོད་སྔོན་པོ་འབྱུང་བ། སྔོན་པོ་ལྟ་བུར་སྟོན་པ། སེར་པོ་ཁ་དོག་སེར་པོ། །འོད་སེར་པོ་འབྱུང་བ། སེར་པོ་ལྟ་བུར་སྟོན་པ། དམར་པོ་ཁ་དོག་དམར་པོ། །འོད་དམར་པོ་འབྱུང་བ། དམར་པོ་ལྟ་བུར་སྟོན་པ། དཀར་པོ། ཁ་དོག་དཀར་པོ། །འོད་དཀར་པོ་འབྱུང་བ། དཀར་པོ་ལྟ་བུར་སྟོན་པ། བཀྲ་བ། ཁ་དོག་བཀྲ་བ། འོད་བཀྲ་བ་འབྱུང་བ། བཀྲ་བ་ལྟ་བུར་སྟོན་པ། ཤིང་རྟའི་འཕང་ལོ་ཙམ་དག་སྐྱེས་སོ། །སངས་རྒྱས་ཀྱི་ཞིང་དེ་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་རྣམ་པ་དེ་ལྟ་བུ་དག་གིས་ལེགས་པར་བརྒྱན་པའོ། །གཞན་ཡང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ན་ལྷའི་སིལ་སྙན་གྱི་སྒྲ་རྟག་ཏུ་འབྱུང་ངོ་། །ས་ཆེན་པོ་ནི་གསེར་གྱི་ཁ་དོག་ལྟ་བུ་སྟེ་ཉམས་དགའ་བའོ། །གཞན་ཡང་སངས་རྒྱས་ཀྱི་ཞིང་དེ་ན་ཉིན་ལན་གསུམ། མཚན་ལན་གསུམ་དུ་ལྷའི་མེ་ཏོག་མནྡ་ར་བའི་ལྷའི་མེ་ཏོག་གི་ཆར་འབབ་བོ། །དེར་སེམས་ཅན་གང་དག་སྐྱེས་པ་དེ་དག་ཀྱང་སྔ་དྲོ་གཅིག་བཞིན་དུ་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དུ་དོང་སྟེ་སངས་རྒྱས་བྱེ་བ་ཕྲག་འབུམ་ལ་ཕྱག་འཚལ་ཞིང༌། དེ་བཞིན་གཤེགས་པ་རེ་རེ་ལ་ཡང་མེ་ཏོག་སྐོན་བུ་བྱེ་བ་ཕྲག་འབུམ་མངོན་པར་འཐོར་ཏེ། གཏོར་ནས་ཉིན་མོ་གནས་པའི་ཕྱིར་སླར་འཇིག་རྟེན་གྱི་ཁམས་དེ་ཉིད་དུ་འདོང་ངོ་། །གཞན་ཡང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ན་ངང་པ་དང༌། ཁྲུང་ཁྲུང་དང༌། རྨ་བྱ་དག་ཡོད་པ་དེ་དག་ཀྱང་ཉིན་ལན་གསུམ། མཚན་ལན་གསུམ་འདུས་ནས་ཡང་དག་པར་བགྲོ་བར་བྱེད་དེ། རང་རང་གི་སྐད་དག་གིས་སྨྲའོ། །དེ་དག་སྨྲ་བ་ན་དབང་པོ་དང་སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་གི་སྒྲ་དག་འབྱུང་ངོ་། །སེམས་ཅན་གང་དག་དེར་སྐྱེས་པ་དེ་དག་གིས་སྒྲ་དེ་ཐོས་ནས་སངས་རྒྱས་ཡིད་ལ་བྱེད་པ་སྐྱེ། ཆོས་ཡིད་ལ་བྱེད་པ་སྐྱེ། དགེ་འདུན་ཡིད་ལ་བྱེད་པར་སྐྱེའོ། །ཞིང་དེའི་བྱ་དང་རི་དྭགས་རྣམས་ཀྱང་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ཡིན་སྙམ་དུ་བསམ་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བའི་མིང་ཡང་མེད་དོ། །བྱའི་ཚོགས་དེ་དག་ནི་དེ་བཞིན་གཤེགས་པ་ཚེ་དཔག་མེད་དེ་ཉིད་ཀྱིས་ཆོས་ཀྱི་སྒྲ་དབྱུང་བའི་ཕྱིར་སྤྲུལ་པ་དག་གོ། གཞན་ཡང་སངས་རྒྱས་ཀྱི་ཞིང་དེའི་ཏ་ལའི་ཕྲེང་བ་དེ་དག་དང༌། དྲིལ་བུ་གཡེར་ཀའི་དྲ་བ་དེ་དག་ལ་རླུང་གིས་ཕོག་ཅིང་རླུང་གིས་བསྐྱོད་ནས་སྒྲ་སྙན་པ་ཡིད་དུ་འོང་བ། ཉམས་དགའ་བ་འབྱུང་སྟེ། རོལ་མོ་མཁན་གྱིས་ཡན་ལག་བྱེ་བ་འབུམ་དང་ལྡན་པའི་ལྷའི་སིལ་སྙན་བླངས་པ་བཞིན་ནོ། །དེར་མི་དེ་དག་གིས་སྒྲ་དེ་ཐོས་ནས་སངས་རྒྱས་རྗེས་སུ་དྲན་པ་དང༌། ཆོས་རྗེས་སུ་དྲན་པ་དང༌། དགེ་འདུན་རྗེས་སུ་དྲན་པ་ལུས་ལ་གནས་སོ། །ཅིའི་ཕྱིར་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་ཅེས་བྱ་ཞེ་ན། དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་ཚེའི་ཚད་དཔག་ཏུ་མེད་དེ། དེའི་ཕྱིར་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཅེས་བྱའོ། །ཡང་ཅིའི་ཕྱིར་དེ་བཞིན་གཤེགས་པ་དེ་འོད་དཔག་མེད་ཅེས་བྱ་ཞེ་ན། དེ་བཞིན་གཤེགས་པ་འོད་དཔག་མེད་དེའི་འོད་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་དེ། དེའི་ཕྱིར་དེ་བཞིན་གཤེགས་པ་འོད་དཔག་མེད་ཅེས་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་བསྐལ་པ་བཅུ་ལོན་ནོ། །གཞན་ཡང་བཅོམ་ལྡན་འདས་དེའི་ཉན་ཐོས་ཀྱི་དགེ་འདུན་དག་པ་དགྲ་བཅོམ་པ་ཤ་སྟག་ཚད་མེད་དེ། དེ་དག་གི་ཚད་བརྗོད་པར་སླ་བ་མ་ཡིན་ནོ། །གཞན་ཡང་སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་སེམས་ཅན་དག་ནི་ཕྱིར་མི་ལྡོག་པ། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་དག་པ་ཤ་སྟག་གོ། བྱང་ཆུབ་སེམས་དཔའ་དེ་དག་གི་ཚད་ནི་བརྗོད་པར་སླ་བ་མ་ཡིན་ཏེ། གཞན་དུ་ན་ཚད་མེད་གྲངས་མེད་ཅེས་བྱ་བའི་གྲངས་སུ་འགྲོའོ། །དེ་ལྟ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བྱ་བའི་ཕྱིར་དགེ་བའི་རྩ་བ་རྣམས་གུས་པར་ཡོངས་སུ་བསྔོ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྐྱེས་བུ་དམ་པ་དེ་ལྟ་བུ་དག་དང་ཕྲད་པར་འགྱུར་བའི་ཕྱིར་རོ། །དགེ་བའི་རྩ་བ་ངན་ངོན་ཙམ་གྱིས་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་ཞིང་དུ་སྐྱེ་བར་མི་འགྱུར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་མཚན་ཐོས་ལ་ཐོས་ནས་ཀྱང་ཡིད་ལ་བྱེད་ཅིང་ནུབ་གཅིག་གམ། ནུབ་གཉིས་སམ། ནུབ་གསུམ་མམ། ནུབ་བཞིའམ། ནུབ་ལྔའམ། ནུབ་དྲུག་གམ། ནུབ་བདུན་དུ་གཡེང་བ་མེད་པའི་སེམས་ཀྱིས་ཡིད་ལ་བྱེད་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་འཆི་བའི་དུས་ཀྱི་ཚེ་ཕྱིན་ཅི་ལོག་མེད་པའི་སེམས་ཀྱིས་འཆི་བའི་དུས་བྱས་ནས་འཆི་བའི་དུས་བྱས་པ་དེའི་ཚེ་དེ་བཞིན་གཤེགས་པ་འོད་དཔག་མེད་ཉན་ཐོས་ཀྱི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཞིང་དེ་བཞིན་གཤེགས་པ་འོད་དཔག་མེད་དེའི་སངས་རྒྱས་ཀྱི་ཞིང་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །༼ འཕགས་པ་བདེ་བ་ཅན་གྱི་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ ༽ལ་སྣོན་འཕྲི་ཅུང་ཟད་དང་བཅས་ཏེ་བཀོད། རྒྱས་པར་གཟིགས་འདོད་ན། གོང་གི་མདོ་དེ་ཉིད་དུ་གཟིགས་པར་བྱའོ། །མདོ་སྡེ་༼ ཇ་པ ༽༡༩༥བ༤ན་དམ་པའི་ཆོས་པདྨ་དཀར་པོའི་མདོ་དང་ལྷན་དུ་བཞུགས་སོ། །